ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཨ་རིའི་ཚོང་དོན་སྐུ་ཚབ་གསར་པས་ཨ་རྒྱའི་འགལ་ཟླ་སེལ་ཐུབ་བམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ༢༠༡༨་ལོ་ནས་ཨ་རི་དང་རྒྱ་ནག་གི་ཚོང་དམག་མགོ་བརྩམས་ཏེ་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར། སྤྱི་ལོ་༢༠༢༠་ལོའི་མགོ་སྟོད་དེར་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱིས་ཚོང་ལས་གྲོས་མཐུན་རིམ་པ་དང་པོར་མིང་རྟོགས་བཀོད། འདས་པའི་ལོ་གཅིག་གི་རིང་དུ་རྒྱ་ནག་གིས་གྲོས་མཐུན་དེའི་འབྲུ་དོན་ཁག་ལག་ལེན་བསྟར་མི་འདུག་ཅེས་ཨ་རིའི་ཉམས་ཞིབ་སྡེ་ཚན་ཁག་ཅིག་གིས་སྙན་ཐོ་བཏོན། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ནི་མུ་མཐུད་དུ་ཛ་དྲག་གི་ངང་དུ་གནས་ཡོད་ཅིང་། ཉེ་ཆར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་བུད་མེད་ཁྲིམས་རྩོད་པ་ཁེ་ཐེ་རཱེན་ཐེ་ཨ་རིའི་ཚོང་དོན་སྐུ་ཚབ་གསར་པར་བསྐོས། ཁོ་མོས་མ་འོངས་པར་ཨ་རི་དང་རྒྱ་ནག་གི་ཚོང་ལས་ཀྱི་འགལ་ཟླ་ཁག་ཇི་ལྟར་སེལ་རྒྱུ་ཡིན་མིན་ལ་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་བཞིན་འདུག

ཁེ་ཐེ་རཱེན་ཐེ་ནི་ཁྲིམས་ལུགས་སློབ་སྦྱོང་ཐོན་པ་ཞིག་དང་ཐོག་མར་ཨ་རིའི་ཚོང་དོན་ལས་ཁུངས་སུ་ལོ་མང་རིང་རྒྱ་ནག་ལ་ཚོང་ལས་གཉེར་ཕྱོགས་ཀྱི་ལས་འགན་བསྒྲུབས། དེའི་རྗེས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་དངུལ་རྩིས་་ཚོགས་ཆུང་དུ་ཆེད་ལས་གཉེར། སྤྱི་ལོ་༢༠༡༧་ནས་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་དངུལ་རྩིས་ཚོགས་ཆུང་གི་དབུ་བཞུགས་སློབ་སྟོན་པའི་ལས་འགན་བཞེས། ཁོ་མོར་ཨ་རིའི་ཚོང་དོན་ལས་ཁུངས་ཀྱི་ཉམས་མྱོང་ཡོད་པར་མ་ཟད། ཁྱད་པར་དུ་རྒྱ་ནག་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་པ་སྟེ། ཁེ་ཐེ་རཱེན་ཐེའི་ཕ་མ་གཉིས་རྒྱ་ནག་ནས་ཐེ་ཝན་དུ་བསྐྱོད། དུས་རབས་སྔོན་མའི་ལོ་༦༠་ནང་དུ་ཁེ་ཐེ་རཱེ་ཐེའི་ཕ་མ་གཉིས་ཨ་རིར་གཏན་སྡོད་གཞིས་སུ་འབྱོར་ཏེ་ཨ་རིའི་ཁེ་ནེ་ཊི་ཁེ་ཊི་མངའ་སྡེར་ཁྱིམ་གཞིས་གསར་དུ་ཆགས། ཁེ་ཐེ་རཱེན་ཐེ་ཨ་མི་རི་ཀར་སྐྱེས་ནས་ལོ་ལྔའི་རྗེས་སུ་ཕ་མ་གཉིས་ཨ་རིའི་སྤྱི་དམངས་སུ་གྱུར། ཁོང་གིས་རྒྱ་ཡིག་རྒྱ་སྐད་ཡག་པོ་ཤེས་ཀྱི་ཡོད་པས་མ་འོངས་པར་ཨ་རྒྱ་གཉིས་ཀྱི་ཚོང་དོན་འགལ་བ་སེལ་པར་ཕན་ཐོགས་ཆེན་པོ་འབྱུང་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

ཐེ་ཁེ་རཱེན་ཐེ་ཨ་མི་རི་ཀའི་སྙན་གྲགས་ཅན་གྱི་ཡེལ་སློབ་གྲྭ་ཆེན་མོ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པའི་རྗེས་སུ་རྒྱ་ནག་ཀོང་ཀྲུག་གྲོང་ཁྱེར་གྱི་ཀྲུང་ཧྲན་སློབ་གྲྭ་ཆེན་མོར་ལོ་མང་རིང་དབྱིན་ཡིག་བསླབས། ད་སྔ་ཨ་རིའི་གྲོས་ཚོགས་གོང་མས་ཁེ་ཐེ་རཱེན་ཐེ་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ལ་ངེས་གཏན་བྱུང་མེད། ཁོང་གིས་ཨ་རྒྱའི་ཚོང་དོན་ལ་ལངས་ཕྱོགས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་མངོན་གསལ་དོད་པོ་ཞིག་ཀྱང་བསྟན་མེད། ཕྱི་ཟླ་དང་པོའི་མགོ་སྟོད་དེར་ཁེ་ཐེ་རཱེན་ཐེས་ཨ་རིའི་ཕྱིར་ཚོང་དང་ནང་འདྲེན་ལས་ཁུངས་སུ་གཏམ་བཤད་བྱས་པའི་སྐབས་སུ་ཨ་རི་དང་རྒྱ་ནག་གི་ཚོང་དོན་ནི་འཛམ་གླིང་གི་ལས་དོན་གལ་གནད་ཆེ་ཤོས་དེ་རེད། ད་ལྟའི་དུས་སྐབས་འདི་ངའི་མི་ཚེ་ནང་དུ་བྱུང་མྱོང་མེད་པའི་ཆེས་ཉམས་ཞན་དང་ཆེས་རྙོག་འཛིང་ཆེ་བའི་དུས་སྐབས་ཤིག་རེད། ང་ཚོའི་རྒྱལ་ཁབ་དང་མི་དམངས་ཀྱིས་རང་གི་རིན་ཐང་གི་ལྟ་བ་དང་འཛམ་གླིང་སྟེང་དུ་ཨ་རིར་ཡོད་པའི་གོ་གནས་ལ་སྲུང་སྐྱོབ་བྱས་ནས་ཡར་རྒྱས་གཏོང་དགོས། ང་ཚོས་རྒྱལ་སྤྱིའི་ཐོག་ཏུ་ཉིན་རེར་བཞིན་སྟོབས་ཤུགས་རྒྱས་བཞིན་པའི་རྒྱ་ནག་གི་ཉེན་ཁར་ཁ་གཏད་བཅག་ནས་འགྲན་རྩོད་བྱ་དགོས་ཞེས་བཤད།།

ཁེ་ཐེ་རཱེན་ཐེས་རྒྱ་ནག་གི་དཔལ་འབྱོར་ནི་དབུས་གཞུང་གི་བཀོད་སྒྲིག་འོག་ཏུ་སྟངས་འཛིན་བྱེད་བཞིན་པ་དང་དབུས་གཞུང་གིས་བཀོད་སྒྲིག་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་སྣ་མང་འདུས། དེ་ནི་དམངས་གཙོའི་འོས་འདེམས་དང་མི་དམངས་ཀྱི་བསམ་འཆར་སོགས་ཀྱིས་གནོན་ཤུགས་ཐེབས་ཐབས་མེད་པའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་པས་ང་ཚོས་དེ་ལ་ཁ་གཏད་གཅོག་དགོས་ཞེས་་བཤད། ཁོང་གི་མཉམ་དུ་ལོ་མང་རིང་ལས་དོན་བསྒྲུབས་མྱོང་མཁན་ཨ་རིའི་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་འགན་འཛིན་ཇཱེ་སན་ཨི་ཁི་རན་སི་ཡིས་ཁེ་ཐེ་རཱེན་ཐེ་ལ་གདེང་འཇོག་ཆེན་པོ་བྱས་འདུག ཇཱེ་སན་གྱིས་ཁེ་ཐེ་རཱེན་ཐེ་ཐབས་ཇུས་ལྡན་པའི་བསམ་བློ་བ་ཞིག་རེད། དུས་རྒྱུན་གུ་ཡངས་དང་གཟབ་ནན་གྱིས་མིའི་བསམ་ཚུལ་ལ་ཉན་ཤེས་ཐུབ། འདི་ནི་ཁོ་མོས་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་ཀྱང་རེད། ངའི་སེམས་པར་ཁེ་ཐེ་རཱེན་ཐེ་ཨ་རིའི་ཚོང་དོན་སྐུ་ཚབ་ཕུལ་དུ་བྱུང་བ་ཞིག་ལ་འགྱུར་རྒྱུ་རེད་སྙམ་ཞེས་བཤད། རྒྱ་ནག་ལ་འགྲན་རྩོད་ཤུགས་ཆེན་བྱེད་པའི་ཨ་རིའི་ཁེ་ལས་ཁག་གིས་ཀྱང་ཚོང་དོན་སྐུ་ཚབ་གསར་པས་ཚོང་ལས་ཐོག་ཏུ་ཨ་མི་རི་ཀར་ཕན་ཐོགས་ཐུབ་རྒྱུའི་རེ་བ་ཆེན་པོ་འཆང་བཞིན་ཡོད་པ་རེད།།

XS
SM
MD
LG