ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༠/༡༨

ཨ་རིའི་དཔོན་རིགས་ནས་བོད་དོན་གླེང་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱིར་ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུའི་སྐབས་སུ་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དང་། བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལངས་ཕྱོགས་གང་འདྲ་ཡོད་མེད་གསལ་བསྒྲགས་གནང་སྲོལ་ཡོད་པ་བཞིན་ད་རེས་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇོའོ་བ་ཌེན་གྱིས་གལ་སྲིད་ཁོང་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་ཚེ་༧གོང་ས་ཏཱ་ལའི་བླ་མ་དང་མཇལ་རྒྱུ་ཡིན་ཞེས་་གསུངས་ཡོད།

ཨ་མི་རི་ཀའི་སྲིད་འཛིན་འོས་མི་བ་ཌེན་གྱིས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ལ་སྟངས་འཛིན་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་གསལ་བསྒྲགས་བཏོན་པ་འདི་ནི་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ཐད་མུ་མཐུད་རྡོག་རོལ་གཏོང་རྒྱུ་ཡིན་པ་མངོན་གྱི་ཡོད་ཅེས་བརྗོད་འདུག

གསལ་བསྒྲགས་ནང་ལ་ཁོང་གི་འཛིན་སྐྱོང་གིས་བོད་མི་དམངས་ལ་རྒྱབ་སྐྱོར་གནང་རྒྱུ་དང་། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་དང་མཉམ་ལས་བྱས་ཏེ་བོད་མིའི་སྐུ་ཚབ་དང་མཉམ་དུ་རྒྱ་ནག་གཞུང་གིས་གྲོས་མོལ་བསྐྱར་གསོ་ཡོང་རྒྱུར་འབད་རྩོན་བྱེད་པ་བརྒྱུད་བོད་མི་དམངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་བྱེད་རྒྱུ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ཡོང་བ་བྱེད་རྒྱུ། བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ། ད་དུང་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་རྒྱུན་འཛིན་བྱེད་དགོས་ཀྱི་རེད་ཅེས་བཀོད་འདུག

འདས་པའི་ལོ་བཞི་ཙམ་རིང་སྐུ་ཞབས་ཁྲོམ་གྱི་འཛིན་སྐྱོང་གིས་བོད་དོན་ལ་རྒྱབ་སྐྱོར་དང་བོད་རྒྱ་གྲོས་མོལ་ཡོང་རྒྱུར་སྐུལ་འདེད་གནང་ཡོད། ཕྱི་སྲིད་དྲུང་ཆེ་ མེཀ་པོམ་པ་ཡོ་ཡིས་གཟའ་ལྷག་པའི་ཉིན་གསར་འགོད་ལྷན་ཚོགས་སྐབས་ལ་ཉེ་ཆར་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཞི་ཅིང་ཕིང་གིས་བོད་ཀྱི་ནང་ཆོས་རྒྱ་ནག་གི་ཁྱད་ཆོས་ལྡན་པ་བཟོ་རྒྱུ་དང་ཁ་བྲལ་རིང་ལུགས་ལ་འཐབ་འཛིང་བྱེད་དགོས་རྒྱུ་བཤད་ཡོད་པར་བརྟེན་བོད་ལ་རྒྱ་ནག་གཞུང་གིས་བྱེད་སྟངས་ལ་ང་ཚོར་བློ་འཚབ་ཡོད། ང་ཚོས་མུ་མཐུད་དུ་པེ་ཅིང་ལ་ ༧ གོང་ས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་དང་མཉམ་དུ་ཆ་རྐྱེན་མེད་པའི་སྒོ་ནས་གྲོས་མོལ་གྱི་ལམ་ནས་འགལ་ཟླ་སེལ་རྒྱུར་སྐུལ་འདེད་གཏོང་གི་ཡོད་ཅེས་བརྗོད་འདུག དེ་ནི་ཨ་རིའི་གཞུང་གིས་རྒྱ་ནག་གི་བོད་ཀྱི་ལས་དོན་ཚོགས་འདུའི་རྗེས་ལ་གཙོ་འཛིན་ཞི་ཅིང་ཕིང་གིས་བོད་སྐོར་གྱི་གསལ་བསྒྲགས་ལ་ཡ་ལན་གནང་པ་ཞིག་ཆགས་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་སེལ་བའི་གྲོས་མོལ་ཡོང་རྒྱུར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་མུ་མཐུད་དུ་གནས་ཡོད་པ་གསལ་པོ་ཆགས་ཡོད་པ་རེད།

༢༠༡༨ ཟླ་༡༢པའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་མོས་མཐུན་བྱུང་པའི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞིར་སྲིད་འཛིན་ཁྲོམ་ནས་མཚན་རྟགས་བཀོད་དེ་ཁྲིམས་སུ་གྱུར་ཡོད་པ་དང་། བ་ཌེན་གྱིས་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་དེ་གཞི་བཟུང་བོད་ནང་ཨ་རིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ་སོགས་འགྲོ་ཆོག་རྒྱུར་འབད་བརྩོན་དང་བཀག་སྡོམ་འཕྲད་ན་བཀག་སྡོམ་ཉེས་ཆད་སྐྱེལ་རྒྱུ་གསལ་ཡོད།

འདི་ལོའི་ཟླ་བ་བདུན་པར་ཁྲིམས་དེ་དང་འབྲེལ་བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་གཞན་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་དུ་ཕྱི་མིའི་འགྲུལ་བཞུད་བཀག་མཁན་རྒྱ་ནག་གཞུང་གིས་དཔོན་རིགས་རྣམས་ཨ་རིར་ཐོངས་མཆན་བཀག་རྒྱུ་ཡིན་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེས་གསལ་བསྒྲགས་གནང་ཡོད་པ་རེད།

སྲིད་འཛིན་འོས་མི་བ་ཌེན་གྱིས་གསལ་བསྒྲགས་ནང་གལ་སྲིད་ཁོང་ཨ་མི་རི་ཀའི་སྲིད་འཛིན་ཆགས་ན་བོད་མི་དམངས་ལ་རྒྱབ་སྐྱོར་ཆེད་དུ་ཨ་རིའི་གཞུང་གིས་མ་དངུལ་གཏོང་ས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་བོད་སྐད་སྡེ་ཚན་རྒྱ་བསྐྱེད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

XS
SM
MD
LG