ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

འབྲུག་གཞུང་གིས་ཡུལ་སྐོར་བར་སྒོ་ཕྱེ་ནས་ལོ་༥༠་འཁོར་བའི་དགའ་སྟོན་ཚུཊ།


༄༅།། འབྲུག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་མོ་ཕྱེ་ནས་ལོ་༥༠་འཁོར་བའི་དགའ་སྟོན་ཆེན་པོ་ཞིག་ཚུགས་ཀྱི་ཡོད་ཅིང་། ཕྱི་ཟླ་༦་པའི་ཚེས་༢༤་ཉིན་ཊི་ཊི་ཇཱི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༧༤་ལོར་འབྲུག་གཞུང་གིས་ཕྱི་ལ་སྒོ་མོ་ཕྱེ་ནས་ཕྱི་རྒྱལ་གྱི་འགྲུལ་པ་ཡོང་དུ་བཅུག་ནས་བཟུང་། ད་ལོའི་བར་དུ་ལོ་༥༠་ཕྱིན་པ་དང་ལོ་འདི་ཧྲིལ་པོར་འབྲུག་གཞུང་གིས་དགའ་སྟོན་གྱི་བྱེད་སྒོ་སྣ་མང་ཞིག་སྤེལ་ནས་ཕྱི་ཟླ་༡༢་པའི་ཚེས་༡༧་ཏེ། འབྲུག་ཡུལ་གྱི་རྒྱལ་སྟོན་དུས་ཆེན་ཐེངས་༡༡༧་ཐོག་ཏུ་དགའ་སྟོན་རྒྱས་ཤོས་དེ་ཚུགས་རྒྱུའི་ཐག་བཅད། ཐོག་མ་ནས་འབྲུག་གཞུང་གིས་འགྲུལ་པ་འབྱོར་ལྡན་པ་ཉུང་ཉུང་ཞིག་མ་གཏོགས་ཡོང་དུ་འཇུག་རྒྱུ་མིན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ༢༠༡༩་ལོར་འབྲུག་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་༣༢༠༠༠༠་བསླེབས།།

འབྲུག་ཡུལ་ནི་འཛམ་གླིང་འདིར་ཉིན་ལྟར་ཨ་སྒོར་༡༠༠་རེ་འགྲུལ་ཁྲལ་བསྡུ་བའི་རྒྱལ་ཁབ་འབའ་ཞིག་དེ་ཡིན་ཞིང་། འབྲུག་ཡུལ་གྱི་དཔལ་འབྱོར་ཡོང་འབབ་བརྒྱ་ཆ་༥་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ལ་བརྟེན། ༢༠༢༣་ལོའི་ཕྱི་ཟླ་༩་པ་ནས་ཟླ་ཤས་རིང་འབྲུག་གཞུང་གིས་རྒྱ་གར་བ་མ་ཡིན་པའི་ཕྱི་རྒྱལ་བ་ཚོར་ཉིན་ལྟར་འགྲུལ་ཁྲལ་ཨ་སྒོར་༢༠༠་རེ་བསྡུས། འབྲུག་ཡུལ་གྱི་འགྲུལ་ཁྲལ་མཐོ་དྲགས་པའི་རྐྱེན་གྱིས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་མ་ཡོང་བར་ཚོང་ལས་སླར་གསོ་མ་ཐུབ། དེར་བརྟེན་འབྲུག་གཞུང་གིས་འགྲུལ་ཁྲལ་བཅག་སྟེ་ཡུལ་སྐོར་སྤྲོ་འཆམ་པ་མང་ཙམ་ཡོང་རྒྱུའི་རེ་ལྟོས་བཅངས། འབྲུག་གཞུང་གིས་འགྲུལ་ཁྲལ་བསྡུས་པའི་དངུལ་སྒོར་རྣམས་རིག་གཞུང་གཅེས་འཛིན་དང་ཁོར་ཡུག་སྲུང་སྐྱོབ། མི་དམངས་ཀྱི་འཕྲོད་བསྟེན་དང་སྨན་བཅོས། བུ་ཕྲུག་གི་ཤེས་ཡོན་སློབ་གསོ་ཡར་རྒྱས་བཅས་ཀྱི་ལས་གཞི་ཁག་ལ་འགྲོ་གྲོན་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་
འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་

གཟའ་ཟླ་བའི་ཉིན་སྲིད་བློན་ཚེ་རིང་སྟོབས་རྒྱལ་(Tshering Tobgay)་གྱིས་འབྲུག་ཡུལ་དུ་ཕྱི་རྒྱལ་གྱི་སྤྲོ་འཆམ་པ་བསླེབས་ནས་ལོ་༥༠་འཁོར་པའི་དུས་དྲན་ཚུགས་ཀྱི་ཡོད་པར་ང་ཚོ་དགའ་ཚོར་གྱིས་བརྟས་ཡོད། འབྲུག་གཞུང་གིས་ཕྱི་ལ་སྒོ་མོ་ཕྱེ་ནས་གྲུབ་འབྲས་ཐོན་པ་རྣམས་ལོ་རྒྱུས་ཀྱི་མཚམས་རྡོ་ཞིག་ཏུ་བརྩི་ཆོག འབྲུག་གཞུང་གིས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་མ་བརླགས་པར་འགྱུར་བཅོས་དང་རྒྱུན་སྐྱོང་ཐུབ་པའི་ལམ་ཕྱོགས་ཤིག་ཏུ་སྐྱོད་ཀྱི་ཡོད་པ་ནི་ངོ་མཚར་ཆེ་ཞེས་གཏམ་བཤད་བྱས་འདུག ༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཚོང་ལས་དང་དཔལ་འབྱོར། ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་ལ་བར་ཆད་བྱུང་བ་ལྟར་འབྲུག་ཡུལ་གྱིས་ཀྱང་སྒོ་རྒྱ་བསྡམས་ནས་དཔལ་འབྱོར་དང་ཚོང་ལས་ཉམས། ད་ལོའི་འོས་བསྡུའི་སྐབས་སུ་འབྲུག་པ་ཚོས་སྲིད་དོན་ཚོགས་པ་གང་གིས་དཔལ་འབྱོར་སླར་གསོ་བྱེད་ཐུབ་རྒྱུ་ཡིན་མིན་ལ་གཞིགས་ནས་འོས་ཤོག་འཕངས།།

ད་ལོའི་ཕྱི་ཟླ་༨་པའི་ནང་དུ་འབྲུག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་གྱི་གཟེངས་རྟགས་ཐེངས་དང་པོ་སྤྲོད་རྒྱུ་དང་མཁས་པ་མང་པོས་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་དང་རྒྱུན་འཁྱོངས། མ་འོངས་པའི་ལས་གཞི་ཁག་ལ་གཏམ་བཤད་བྱ་རྒྱུའི་ལས་རིམ་བསྒྲིགས་ཡོད་པར་མ་ཟད། འདས་པའི་དུས་རབས་ཕྱེད་ཀའི་རིང་འབྲུག་ཡུལ་གྱི་ལག་ཤེས་དང་རྒྱན་ཆ་བཟོ་སྐྲུན་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་རྣམས་འགྲེམ་སྟོན་བྱས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་འབྲུག་ཡུལ་གྱི་གཞུང་ཚབ་ཁག་ཏུ་གསར་འགོད་པ་དང་ཚོང་པ་སོགས་གདན་འདྲེན་ཞུས་ནས་འབྲུག་པའི་ཡུལ་སྐོར་སྤྲོ་འཆམ་གྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི་རྣམས་མཚམས་སྦྱོར་བྱས་ཤིང་། སྔ་ལོ་འབྲུག་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་༡༣༠༠༠༠་འབྱོར། འབྲུག་གཞུང་གིས་ལོ་རེར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་འབུམ་༣་རེ་ཡོང་དུ་འཇུག་རྒྱུའི་དམིགས་ཚད་བཟུང་།།

ཕྱི་ཟླ་༦་པའི་ཚེས་༢༤་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་ཕྱི་ཟླ་༦་པའི་ཚེས་༡༧་ནས་༢༡་བར་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་གྲོང་ཁྱེར་ཆེན་པོ་མུམ་བྷེ། ཀ་ལི་ཀ་ཏ་དང་ཨཱ་མེ་ད་བྷ་ད་བཅས་སུ་འབྲུག་གཞུང་གིས་ཕྱི་ལ་སྒོ་མོ་ཕྱེ་ནས་ལོ་༥༠་འཁོར་པའི་འགྲེམ་སྟོན་ཚུགས། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་ཙམ་འབྲུག་ཡུལ་དུ་ཡོང་རྒྱུའི་རེ་ལྟོས་བཅངས། ལོ་འདིའི་ཕྱི་ཟླ་༥་པའི་ནང་རྒྱ་གར་བ་༡༩༢༡༢་འབྲུག་ཡུལ་ལ་ལྟ་སྐོར་དུ་ལྷགས། ༢༠༢༤་ལོའི་དུས་ཚིགས་དང་པོར་འབྲུག་ཡུལ་དུ་འབྱོར་བའི་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་བརྒྱ་ཆ་༥༨་རྒྱ་གར་བས་ཟིན། ཉེ་ཆར་སིངྒ་པུར་གྱི་ཨེ་ཤི་ཡའི་གསར་འགྱུར་འཕྲིན་ལམ་ཁང་གིས་འབྲུག་པའི་སྲིད་བློན་ཚེ་རིང་སྟོབས་རྒྱལ་ལ་བཅར་འདྲི་ཞུས་པའི་སྐབས་སུ་འགྲུལ་པ་མང་པོ་ལེན་ཐུབ་ཀྱི་མི་འདུག འགྲུལ་པ་འབྱོར་ལྡན་པ་ཉུང་ཤས་ཤིག་ལེན་གྱི་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་ཁྲོམ་བསྒྲགས་འགན་འཛིན་ཀ་རི་ས་ཉི་མས་(Carissa Nimah)་བཤད་པ་ལྟར་ན། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཁག་མཉམ་ཞུགས་བྱས་པ་དང་འབྲུག་པའི་འགྲེམ་སྟོན་ཁག་གིས་འབྲུག་ཡུལ་སྤྲོ་འཆམ་དུ་འགྲོ་ཡུལ་ཞིག་ཡིན་པའི་ངོས་འཛིན་ཐོབ་ཏུ་འཇུག་ཐུབ་སོང་། འབྲུག་པའི་འགྲེམ་སྟོན་ཁག་ལ་རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་༦༠༠་ལྷག་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་༧༠༠་ལྷག་མཉམ་ཞུགས་བྱས་པ་ནི་དགའ་འོས་པ་ཞིག་རེད། ང་ཚོས་འགྲེམ་སྟོན་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་དྲིལ་བསྒྲགས་བྱེད་ཀྱིན་ཡོད། ང་ཚོས་རྒྱ་གར་བ་མང་ཙམ་འབྲུག་ཡུལ་དུ་ཡོང་ནས་མཛེས་ལྗོངས་ལྟད་མོ་བལྟ་བ་དང་འབྲུག་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་རོ་བཅུད་རྣམས་མྱོང་རོལ་ཐུབ་པའི་རེ་བ་འཆང་ཡོད་ཅེས་བཤད་འདུག

ཁ་སྔོན་ཕྱི་ཟླ་༥་པའི་ཚེས་༡༠་ཉིན་འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་གྱིས་སི་ཨེན་བི་སི་གསར་ཁང་ལ་བཤད་པ་ལྟར་ན། དེང་སྐབས་འབྲུག་གཞུང་གིས་མི་རྒན་པ་ཚོར་ཉིན་རེའི་འགྲུལ་ཁྲལ་ཨ་སྒོར་༡༠༠་དང་བྱིས་པ་ཚོར་ཨ་སྒོར་༥༠་རེ་བསྡུ་བཞིན་པ་ནི་ཆེན་པོ་མ་རེད། ཡུལ་སྐོར་སྤྲོ་འཆམ་པ་མང་དུ་ཕྱིན་ན་འབྲུག་གཞུང་གིས་འགྲུལ་ཁྲལ་སྤར་སྲིད། འགྲུལ་པ་མང་ཆེ་བས་ཉིན་རེར་འགྲུལ་ཁྲལ་ཨ་སྒོར་༢༠༠་རེ་སྤྲོད་འདོད་འདུག ཁོ་ཚོས་འབྲུག་ཡུལ་ལ་འགྲུལ་ཁྲལ་སྤྲད་ནས་རྒྱལ་ཁབ་དེའི་རིག་གཞུང་གཅེས་འཛིན་དང་ཁོར་ཡུག་སྲུང་སྐྱོབ། ཕྲུ་གུའི་ཤེས་ཡོན་སློབ་གསོ་དང་མང་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ལ་ལེགས་སྐྱེས་ཅུང་ཙམ་འབུལ་ཐུབ་ཀྱི་ཡོད་པར་དགའ་བ་སྒོམ་གྱི་འདུག་ཅེས་བཀྲལ། འབྲུག་ཡུལ་དུ་ཡོང་གི་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་༧༠་ལྷག་རྒྱ་གར་བ་ཡིན་ཞིང་། རྒྱ་གར་བ་ཚོར་ཉིན་ལྟར་འགྲུལ་ཁྲལ་ཨ་སྒོར་༡༤.༥༠་ལས་བསྡུ་ཡི་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG