ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

འབྲུག་གཞུང་ལ་སྲིད་དོན་བཙོན་པ་གློད་གྲོལ་གཏོང་དགོས་པའི་ནན་སྐུལ།


རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་དབུས་སྤྱི་ཁྱབ་ལས་ཁུངས་
རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་དབུས་སྤྱི་ཁྱབ་ལས་ཁུངས་

༄༅།། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་དབུས་སྤྱི་ཁྱབ་ལས་ཁུངས་མདུན་དུ་ལས་འགུལ་བ་ཚོས་འབྲུག་གཞུང་གིས་བཙོན་ཁང་དུ་བཅུག་ཡོད་པའི་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་འདུག ཕྱི་ཟླ་༥་པའི་ཚེས་༡༣་ཉིན་བལ་ཡུལ་གྱི་རཱི་ཕཱབ་ལི་ཁ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནེ་དྷར་ལན་ཌིའི་ཧེ་གྷ་གྲོང་ཁྱེར་དུ་འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་གློད་གྲོལ་འབྱུང་ཐབས་ཀྱི་རྒྱལ་སྤྱིའི་ལས་འགུལ་ཚོགས་པ་ཞིག་ནས་འབྲུག་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྲིད་དོན་བཙོན་པ་རྣམས་སྔ་ཙམ་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན་ཞིང་། དུས་རབས་སྔོན་མའི་ལོ་རབས་༩༠་ནང་དུ་འབྲུག་ཡུལ་ནས་ཕྱིར་ཕུད་བྱས་པའི་བལ་པོ་ཁག་ཅིག་དེང་སྐབས་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིར་གནས་འཁོད་བྱས་ཡོད་ཅིང་། ཁོ་ཚོའི་གཉེན་ཚན་དང་རྒྱབ་སྐྱོར་བ་ཚོས་འབྲུག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་འཕྲེད་དར་དང་ཡིག་བྱང་ཁྱེར་ནས་ཆུ་ཚོད་གཉིས་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ།།

འབྲུག་པའི་སྐབས་བཅོལ་བ་དེ་དག་གིས་འབྲུག་ཡུལ་དུ་འགྲོ་བ་མིའི་ཐོབ་ཐང་མེད་པར་སྤྱི་ཡོངས་ཀྱི་བདེ་སྐྱིད་འབྱུང་ཐབས་མེད། འབྲུག་གཞུང་གིས་མི་རིགས་དབྱེ་འབྱེད་བྱ་རྒྱུ་མཚམས་འཇོག་བྱ་དགོས། འབྲུག་པའི་སྐྱབས་བཅོལ་བ་ཚོ་རང་ཡུལ་དུ་ཕྱིར་ལོག་བྱེད་ཆོག་པའི་ཐོབ་ཐང་དང་འགྲོ་བ་མིའི་ཆེ་མཐོང་སྤྲོད་དགོས། འབྲུག་གཞུང་གིས་གསར་འགོད་རང་དབང་ལ་བརྩི་འཇོག་དང་སྲིད་དོན་བཙོན་པ་ཚོ་ཉེས་ཡངས་བཏང་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་འདུག འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་གློད་གྲོལ་འབྱུང་ཐབས་ཀྱི་རྒྱལ་སྤྱིའི་ལས་འགུལ་ཚོགས་པའི་འབྲེལ་མཐུད་པ་རམ་ཀར་ཀི་ཞེས་པ་ཞིག་གིས་འབྲུག་ཡུལ་ནི་དམངས་གཙོ་རེད། འབྲུག་ཡུལ་གྱི་རྩ་ཁྲིམས་ནང་དུ་སྤྱི་དམངས་ལ་ཐོབ་ཐང་ཆ་ཚང་ཡོད་ཅེས་བཀོད་ཀྱང་འབྲུག་ཡུལ་དུ་དམངས་གཙོ་དར་སྤེལ་གཏོང་བར་ལེགས་སྐྱེས་འབུལ་མཁན་ལས་འགུལ་བ་རྣམས་བཙོན་དུ་བཅུག་ཡོད་པ་རེད་ཅེས་སྐྱོན་བཙུགས།།

འབྲུག་གཞུང་དང་འབྲུག་པ་ཚོས་བལ་པོ་དེ་རྣམས་འབྲུག་པའི་སྤྱི་དམངས་མ་རེད། ཁོ་ཚོ་ཁྲིམས་འགལ་ཐོག་ཏུ་འབྲུག་ཡུལ་གྱི་ས་ཐོག་ཏུ་ལྷགས་ཏེ་གཏན་སྡོད་གཞིས་ཆགས་བྱས་པའི་ཕྱི་མི་རེད། བལ་པོ་དེ་ཚོར་རང་གི་རྒྱལ་ཁབ་བལ་ཡུལ་ཞེས་པ་ཞིག་ཡོད་པ་རེད། ལྷོ་མཚམས་པ་རྣམས་བལ་ཡུལ་གྱི་སྤྱི་དམངས་ཡིན་པ་དང་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་ཞེས་མཐར་བསྐྲད། བལ་ཡུལ་གཞུང་གིས་བལ་པོ་དེ་རྣམས་མི་རབས་གཉིས་གསུམ་ཞིག་གི་སྔོན་ནས་འབྲུག་ཡུལ་དུ་ཁྱིམ་གཞིས་ཆགས། མི་དམངས་དེ་རྣམས་འབྲུག་པའི་སྤྱི་དམངས་ཡིན་པ་དང་བལ་པོའི་སྤྱི་དམངས་མ་རེད་ཅེས་བདག་པོ་མ་བརྒྱབ་པར་སྐྱབས་བཅོལ་བའི་སྡོད་སྒར་ཁག་ཏུ་བཞག དེར་བརྟེན་འབྲུག་ཡུལ་ནས་ཕྱིར་ཕུད་བྱས་པའི་བལ་པོ་རྣམས་འཛམ་གླིང་ཡུལ་གྲུ་གང་སར་སྐྱབས་བཅོལ་དུ་སོང་། ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་ཧེ་གྷ་གྲོང་ཁྱེར་དུ་ངོ་རྒོལ་ལས་འགུལ་སྤེལ་མཁན་རྣམས་ཀྱང་འབྲུག་ཡུལ་ནས་ཕྱིར་ཕུད་བྱས་པའི་བལ་པོ་ཚོ་ཡིན་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་གློད་གྲོལ་འབྱུང་ཐབས་ཀྱི་རྒྱལ་སྤྱིའི་ལས་འགུལ་ཚོགས་པའི་འབྲེལ་མཐུད་པ་རམ་ཀར་ཀིས་འབྲུག་པའི་སྲིད་དོན་བཙོན་པ་དེ་དག་གི་བཟའ་མི་ཚོས་ཐབས་ལམ་འགའ་ཞིག་བརྒྱུད་ནས་འབྲུག་རྒྱལ་པོར་སྲིད་དོན་བཙོན་པ་དེ་རྣམས་ཉེས་ཡངས་གཏོང་དགོས་པའི་འབོད་སྐུལ་ལན་མང་ཞུས་ཀྱང་སྣང་མེད་བཏང་འདུག ལོ་༣༠་ཐམ་པར་བཙོན་དུ་བཅུག་སྟེ་ཉེ་ཆར་ཐིམ་ཕུག་གི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་པའི་སྲིད་དོན་བཙོན་པ་ཟུར་པ་མ་དྷུ་ཀར་མ་གྷར་(Madhukar Magar)་ཞེས་པ་ཞིག་གིས་བཤད་པ་ལྟར་ན། འབྲུག་ཡུལ་གྱི་བཙོན་ཁང་ཁག་ཏུ་སྲིད་དོན་བཙོན་པའི་གནས་སྟངས་ནི་ཡ་ང་བ་ཞིག་རེད། ཡུ་རོབ་མཉམ་འབྲེལ་དང་ཨ་རིའི་གཞུང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དྲང་བདེན་ལ་དགའ་བའི་འཛམ་གླིང་མི་དམངས་བཅས་ཀྱིས་འབྲུག་ཡུལ་ལ་གནོན་ཤུགས་སྤྲད་ནས་སྲིད་དོན་བཙོན་པ་དེ་རྣམས་གློད་གྲོལ་གཏོང་དུ་འཇུག་དགོས་ཞེས་འབོད་སྐུལ་ཞུས།།

ད་ལོའི་ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབྲུག་ཡུལ་གྱི་སྲིད་གཞུང་གསར་པར་མི་དམངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐོབ་ཐང་ཁག་ལ་གོང་བཀུར་འདྲ་མཉམ་བྱ་དགོས། འབྲུག་པ་མང་པོར་ཟས་གོས་གནས་མལ་སོགས་གཞི་རྩའི་མཐུན་རྐྱེན་མེད་པའི་དཀའ་ངལ་ཡོད་འཕྲད་ཀྱི་ཡོད་པ་སེལ་གལ་ཆེ། སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་འབྲུག་ཡུལ་གྱི་སྲིད་བློན་གསར་པ་ཚེ་རིང་སྟོབས་རྒྱལ་ལ་སྙན་ཞུ་ཕུལ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་དུ་སྲིད་དོན་བཙོན་པ་༣༦་གི་མིང་ཐོ་བཏོན། མི་དེ་དག་ལ་ཆབ་སྲིད་ཀྱི་ནག་ཉེས་ཐོག་ཏུ་ཁྲིམས་ཐག་བཅད་ནས་ཁྲིམས་བཤེར་དྲང་སྙོམས་ཤིག་མ་ཐོབ། མི་དེ་ཚོར་རྡུང་རྡེག་དང་མནར་གཅོད་བཏང་སྟེ་ནག་ཉེས་རྫུན་མ་ངོས་ལེན་བྱེད་དུ་བཅུག་འདུག སྲིད་དོན་བཙོན་པ་ཚོར་རྒྱལ་གཞུང་གི་བཙོན་པ་ཞེས་མིང་བཏགས། ཁོ་ཚོར་རྒྱལ་ཁབ་དགྲར་འཛིན་པའམ། སྲིད་དོན་བཙོན་པ་ཟེར་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་གན་རྒྱ་བཞག་ནས་གློད་གྲོལ་ཐོབ་རྒྱུའི་གོ་སྐབས་མི་འདུག་ཅེས་བསྟན།།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛན་ཨེ་ལཱེན་ཕིར་སན་(Elaine Pearson)་གྱིས་སྲིད་དོན་བཙོན་པ་དེ་རྣམས་༢༠༠༨་ལོར་འབྲུག་ཡུལ་དམངས་གཙོར་མ་གྱུར་པའི་སྔོན་ནས་བཙན་དུ་ཚུད་པ་རྣམས་རེད། ཁོ་ཚོར་ཁྲིམས་བཤེར་དྲང་སྙོམས་ཤིག་མ་བྱུང་བར་མི་ཚེ་ཧྲིལ་པོར་བཙོན་དུ་འཇུག་རྒྱུའི་ཁྲིམས་ཐག་བཅད་འདུག ད་ལྟ་འབྲུག་ཡུལ་གྱི་སྐྱི་གཡའ་བའི་ལོ་རྒྱུས་ཀྱི་ལེའུ་དེ་མཇུག་བསྡུ་བའི་དུས་སུ་བསླེབས་ཡོད། འབྲུག་ཡུལ་གྱིས་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དང་ཁྲིམས་གཅོད་དེ་རྣམས་འགལ་ཟླ་རེད། སྲིད་དོན་བཙོན་པ་དེ་རྣམས་རང་གི་བཟའ་ཟླ་བུ་ཕྲུག་དང་ལྷན་འཛོམ་འབྱུང་དུ་འཇུག་དགོས་ཞེས་ནན་གྱིས་བསྐུལ། ༡༩༩༩་ལོར་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་པའི་སྲིད་དོན་བཙོན་པ་༤༠་ཐམ་པར་འབྲུག་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་གིས་ཉེས་ཡངས་བཏང་བར་མ་ཟད། ༢༠༢༢་ལོར་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་སྲིད་དོན་བཙོན་པ་ཞིག་ཉེས་ཡངས་བཏང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་ཚོའི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཏེ་ཟ་སྐལ་ཉུང་དུ་བཏང་འདུག བཙོན་པ་ཁག་ཅིག་གིས་རང་གི་ཟ་སྐལ་ཁོངས་ནས་ཟ་འབྲུ་བསགས་ཏེ་བཙོན་སྲུང་བ་ཚོར་བཙོངས་ནས་སྨན་དང་གྱོན་གོས་སོགས་ཉོ་སྒྲུབ་བྱ་དགོས་པར་གྱུར། སྲིད་དོན་བཙོན་པ་ཚོར་མལ་གདན་དྲོན་པོ་མེད་པར་འཁྱག་སྡུག་མྱངས། ཉུང་མཐར་ཡང་ལྕམ་སྒང་བཙོན་ཁང་དུ་སྲིད་དོན་བཙོན་པ་༤་ལ་རྡུང་རྡེག་དང་མནར་གཅོད་ཕོག་སྟེ་ནད་པ་ཚབས་ཆེན་དུ་གྱུར་ཡོད་པ་དང་ར་སྦུག་ནང་བཙོན་ཁང་དུའང་སྲིད་དོན་བཙོན་པ་ཁག་ཅིག་བཅུག་འདུག འབྲུག་ཡུལ་ནི་བྱམས་སྙིང་རྗེ་སྒོམ་པའི་ཆོས་ལྡན་རྒྱལ་ཁབ་ཅིག་རེད། འབྲུག་གཞུང་གིས་རྩ་དོན་དེ་ཚོ་རྒྱུན་འཁྱོངས་བྱས་ནས་སྲིད་དོན་བཙོན་པ་དེ་དག་གིས་སྡུག་བསྔལ་མྱོང་བཞིན་པ་མཇུག་སྒྲིལ་དུ་འཇུག་དགོས་ཞེས་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG