རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༠༨་ལོའི་ཞི་རྒོལ་ཆེན་མོ་ལ་ཡ་ལན་སློག་སྟེ་བོད་ཁུལ་གྱི་གྲོང་གསེབ་རེ་རེར་རྒྱ་བསྒྱུར་སྲིད་ཇུས་སྤེལ་བ་བོད་རིག་པ་ཞིག་གིས་དཔྱད་བརྗོད་སྤེལ་འདུག་ལ། ཡང་དབྱིན་ཇིའི་གཞུང་གིས་༢༠༠༨་ལོར་བོད་དོན་ཐད་རྒྱ་ནག་ལ་ཁྲིམས་མཐུན་གནས་བབ་ཡོད་ཅེས་གསལ་བསྒྲགས་བྱས་པ་ནི་ལོ་རྒྱུས་ཀྱི་ནོར་འཁྲུལ་ཞིག་ཡིན་པ་བཀོད་འདུག
བོད་ཀྱི་གནའ་དེང་ལོ་རྒྱུས་དང་སྤྱི་ཚོགས། ཆབ་སྲིད་བཅས་ལ་རྒྱུས་མངའ་ཟབ་པའི་བོད་རིག་པ་བ་མེ་ཐེའུ་ཨ་ཁེ་སེ་ཌར་ (Matthew Akester) ཡིས་༼ བོད་ཀྱི་སྲིད་ཇུས་ཐད་ཞི་ཅིན་ཕིན་གྱི་དུས་རབས་སུ་མི་རིགས་གཅིག་གྱུར་ལ་ཁ་བསྒྱུར། ༽ ཞེས་པའི་ཞིབ་འཇུག་གི་ཡིག་ཆ་ཞིག་འདོན་སྤེལ་གནང་ཞིང་། དོན་ཚན་དགུ་ཡི་ནང་དུ་ཞི་ཅིན་ཕིན་གྱི་དབང་འཛིན་དུས་ཡུན་ནང་ལ་རྒྱ་ནག་གི་རྩ་ཁྲིམས་སུ་འཁོད་པའི་བོད་ཀྱི་ས་གནས་མི་རིགས་རང་སྐྱོང་གི་ཁེ་དབང་རྩིས་མེད་བཏང་ཞིང་། བོད་ཀྱི་སྐད་ཡིག་དང་ཆོས་ལུགས། བོད་མིའི་སྤྱི་ཚོགས་དང་འཚོ་གནས་བཅས་ལ་རྒྱ་བསྒྱུར་རམ་གཅིག་གྱུར་ལ་ཁ་བསྒྱུར་ཏེ་༼ ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་༽ ཞེས་པ་འདིའི་འོག་གྲངས་ཉུང་མི་རིགས་ཀྱི་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་རྣམས་རྩ་མེད་བཟོས་པ་དེ་ཁྲིམས་མཐུན་ལ་བསྒྱུར་ནས་བོད་དུ་རྒྱ་བསྒྱུར་སྲིད་ཇུས་ཤུགས་ཆེན་སྤེལ་བའི་སྐོར་བཀོད་འདུག
དེ་ཡང་ཉམས་ཞིབ་པ་ཁོང་གིས་དཔྱད་་བརྗོད་ཧྲིལ་བོར་རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྐད་ཡིག་དང་ཆོས་ལུགས་ལ་དོ་དམ་སྟངས་འཛིན་བྱེད་པ་དང་རྒྱ་རིགས་ཕོན་ཆེན་བོད་ནང་ལ་གཞིས་སྤོར་བཅས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་སྤྱི་ལོ་༡༩༨༢་ལོར་བོད་ཁུལ་ལ་མི་རིགས་རང་སྐྱོང་གི་ཁེ་དབང་འགན་ལེན་བྱས་ཡོད་པ་དེ་རྩིས་མེད་དུ་བཏང་བ་དང་། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་ལ་རྒྱ་ནག་གིས་ཐོབ་ཐང་རྩོད་ལེན་བྱེད་བཞིན་པ་ནི་ད་ལྟ་རྒྱ་ནག་གིས་བོད་དང་འབྲེལ་ནུས་པ་འདོན་ས་གཙོ་བོར་བརྩི་བཞིན་པ། ཡང་དབྱིན་ཇིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་དུ་བོད་ཡིག་རྒྱུད་ལམ་ནས་ཤེས་ཡོན་སྤྲོད་རྒྱུ་དང་བཙན་ཤེད་ཀྱིས་བོད་མི་གནས་སྤོར་བྱེད་དུ་མཇུག་བཞིན་པ་མཚམས་འཇོག བོད་མི་ཚོར་ཡང་རྒྱ་ནག་གི་མི་སེར་གཞན་དང་འདྲ་བར་ཕྱི་བསྐྱོད་ལག་ཁྱེར་དང་ཕྱི་རྒྱལ་ལ་འགྲུལ་བཞུད་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས་པར་གནོན་ཤུགས་སྤྲོད་དགོས་པའི་གྲོས་གཞི་བཏོན་པ་བཅས་དོན་ཚན་གསུམ་གྱི་བརྗོད་དོན་སྙིང་བསྡུས་ཤིག་བཀོད་འདུག
ཡང་དཔྱད་བརྗོད་དེར་གཞི་རིམ་གྱི་དམ་དྲག་དང་མི་རིགས་བསྲེས་སྦྱོར། སྐད་ཡིག་དང་ཤེས་ཡོན། གྲོང་གསེབ་ཀྱི་དཔལ་འབྱོར། སྤྱི་དམངས་སྤྱི་ཚོགས། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ། ཡང་སྲིད་ལམ་ལུགས། ཡང་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ། མཐའ་མཚམས་གོང་འཕེལ་བཅས་དོན་ཚན་དགུ་འདུག་ལ། དེའི་ཐོག་ཏུ་བོད་རིག་པ་ཁོང་གིས་བོད་དོན་གནས་བབ་ལ་ངོས་འཛིན་བྱེད་ཐབས་དེ་དབྱིན་ཇིའི་སྲིད་གཞུང་གིས་ལོ་རྒྱུས་ཀྱི་ལངས་ཕྱོགས་དེ་བསྐྱར་གསོ་བྱེད་དགོས་པ་ལ་སོགས་པའི་གྲོས་འཆར་ཁག་ཅིག་ཀྱང་བློ་འདོན་བྱེད་འདུག
གཞི་རིམ་གྱི་དམ་དྲག་ཅེས་པར་སྤྱི་ལོ་༢༠༠༨་ལོར་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་བ་ལ་རྒྱ་ནག་གིས་ཁམས་དང་ཨ་མདོའི་ཕྱོགས་སུ་དེ་ལ་རྒྱུན་རིང་གི་ཡ་ལན་སྲིད་ཇུས་སྤེལ་ཏེ་བོད་ཁུལ་གྱི་གྲོང་གསེབ་རེ་རེར་རྒྱ་ནག་གཞུང་གི་ལས་ཁུངས་བཙུགས་པ་དང་དམར་ཤོག་ཚོགས་པའི་ཚོགས་མིའི་རྩ་འཛུགས་ཀྱིས་ཆབ་སྲིད་སློབ་གསོ་ཤུགས་སྣོན་བྱེད་པ། དགོན་པ་སོ་སོའི་དོ་དམ་ཨུ་ཡོན་ལྷན་ཁང་དུ་རྒྱ་ནག་གི་མི་སྣ་བསྐོ་འཇོག་གིས་རྒྱ་ནག་གཞུང་ལ་སྣེ་ལེན་དང་རྒྱ་ནག་གཞུང་གི་སྲིད་ཇུས་ལག་བསྟར་བྱེད་མཁན་ལ་བསྒྱུར་བ་མ་ཟད། བོད་ཁུལ་ཧྲིལ་བོའི་གྲོང་གསེབ་རེ་རེར་དྲ་ལམ་དོ་དམ་བྱེད་རྒྱུའི་མ་ལག་གསར་གཏོད་ཀྱིས་རྒྱ་སྐད་དུ་སྤྱི་ཚོགས་དྲ་ལམ་དོ་དམ་བྱེད་ཐབས་(Grid management’ [社会网格化管理] ) སྤྱད་དེ་མདོར་ན་གཅིག་སྡུད་ཀྱི་དོ་དམ་བྱེད་ཐབས་སྤྱད་ཡོད་པའི་སྐོར་བཀོད་འདུག
ཡང་མི་རིགས་བསྲེས་སྦྱོར་གྱི་ནང་དུ་སྤྱི་ལོ་༢༠༡༤་ལོར་རྒྱ་ནག་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གཞུང་གི་རྒྱལ་ཁབ་རིམ་པའི་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཐོབ་ཐང་དང་མི་རིགས་ངོ་བོ་མེད་པར་གཏོང་རྒྱུར་སྲིད་ཇུས་གསར་བ་ལག་བསྟར་བྱས་ཤིང་། སྤྱི་ཚོགས་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་གྱི་སྐད་ཆ་བཤད་སྟངས་དེའི་འོག་ཏུ་མི་རིགས་གཅིག་གྱུར་དང་བསྲེས་སྦྱོར་ནི་བོད་ཁུལ་དུ་སྤེལ་བའི་སྲིད་ཇུས་ཀྱི་སྙིང་བོར་གྱུར་ཏེ། རྒྱ་མི་བོད་དུ་ཡོང་མཁན་ཚོར་ཁྱིམ་ཐོ་བརྗེ་སྤོར་ལ་གུ་ཡངས་དང་སྟབས་བདེར་བཏང་ནས། བོད་དུ་གནས་སྤོར་དང་གཞིས་སྡོད། ཡུལ་སྐོར་གྱི་རྒྱ་མིའི་གྲངས་འབོར་ཇེ་ཆེར་བཏང་བ། མི་རིགས་སོ་སོའི་ངོ་བོ་དང་སྐད་ཡིག ཐུན་མོང་མིན་པ་རྣམས་མེད་པར་གཏོང་རྒྱུར་ཁྲིམས་མཐུན་བཟོས་པ་བཀོད་འདུག
དེ་མཚུངས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་འབྲིང་རིམ་སློབ་གྲྭ་ནས་རྒྱ་ཡིག་སྤྱོད་པའི་སློབ་ཁྲིད་བྱེད་བཞིན་ཡོད་ཀྱང་། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་ཀྱི་བོད་ཀྱི་ས་ཁུལ་དུ་སྤྱི་ལོ་༡༩༨༠་ལོ་ནས་བཟུང་སློབ་འབྲིང་ཁག་ཏུ་བོད་ཡིག་གཙོ་བོའི་ཤེས་ཡོན་ལམ་ལུགས་ལ་སྤྱི་ལོ་༢༠༠༠་ལོ་ནས་འགྱུར་བ་གཏོང་མགོ་བཙུགས་པ་དང་། སློབ་མ་ཚོས་ངོ་རྒོལ་བྱེད་པ་མ་བརྟེན་པར། ༢༠༡༠་ལོ་དང་༢༠༡༤ ༢༠༡༩་ ཞིང་ཆེན་སོ་སོའི་ཁྱབ་ཁོངས་ཀྱི་བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཤེས་ཡོན་ལམ་ལུགས་དེ་རྒྱ་ཡིག་གིས་སློབ་ཁྲིད་བྱེད་རྒྱུའི་ལམ་དུ་བསྐྱོད་དེ། གཙོ་བོ་གཅིག་གྱུར་གྱི་འདུ་ཤེས་ཏེ་རྒྱལ་ཡོངས་སྤྱི་སྐད་ཅེས་པ་དེ་དར་སྤེལ་གྱི་དྲིལ་བསྒྲགས་སྤེལ་ཏེ། ཐ་ན་གྲྭ་བཙུན་དང་མི་མང་དཀྱུས་མའི་ནང་དུ་ཡང་ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དང་རྒྱ་སྐད་ནི་སྤྱི་སྐད་ཡིན་པར་ངོས་འཛིན་བྱེད་དགོས་པའི་སྐུལ་སློང་བྱེད་བཞིན་པ་སོགས་སྐད་ཡིག་དང་ཤེས་ཡོན་གྱི་སྡེ་ཚན་དུ་བཀོད་འདུག
གཞན་ཡང་དབུལ་ཕོངས་ལས་ཐར་བའི་དྲིལ་བསྒྲགས་ཤིག་སྤྱི་ལོ་༢༠༡༦་ལོ་ནས་སྤྱི་ལོ་༢༠༢༠་ལོའི་བར་དུ་སྤེལ་ཞིང་། དེ་ལ་བརྟེན་ནས་བོད་ཀྱི་གྲོང་གསེབ་ཁག་ནས་བོད་མི་བརྒྱ་ཕྲག་མང་པོ་གནས་སྤོར་བ་དང་སྔོན་མའི་འཚོ་ཐབས་ཤོར་ནས་རྒྱའི་གྲོང་ཁྱེར་ཁག་ཏུ་གླ་བར་བསྐྱོད་པ། གྲོང་གསེབ་ཁུལ་དུ་གཞུང་གི་ལས་ཁུངས་མང་པོ་གསར་འཛུགས་བྱས་པ་དང་བརྡ་འཕྲིན་ཅན་དུ་བསྒྱུར་ཏེ་སྔར་ཁུག་ཀྱོག་ཏུ་གནས་ཤིང་དཔལ་འབྱོར་གྱི་ཆ་ནས་རང་ཁ་རང་གསོ་བྱེད་ཐུབ་པའི་ས་གནས་བོད་མི་ཚོ་སྲིད་གཞུང་ལ་བརྟེན་དགོས་བཟོས་པ། བོད་མི་ཚོར་དོ་དམ་བྱེད་ཆེད་གནས་ཚུལ་དང་རྒྱུད་རྫས་གཞི་གྲངས་བསྡུ་རུབ་བྱས། མི་མང་ནང་ཁུལ་དུ་ཕན་ཚུན་སོ་ལྟ་བྱེད་དུ་བཅུག་པ། ས་གནས་ཀྱི་ཚོང་རའི་ཐོན་སྒོ་ཁག་རྒྱ་ནག་གཞུང་འབྲེལ་གྱིས་བཟུང་སྟེ་གྲོང་གསེབ་ཀྱི་བོད་མི་ཚོ་སྲིད་གཞུང་ལ་བརྟེན་དགོས་པར་བཟོས་པ། བོད་མིའི་དེ་སྔོན་གྱི་འཚོ་བའི་ཐོན་ཁུངས་མེད་པར་གྱུར་བ་བཀོད་འདུག
ཡང་སྤྱི་དམངས་སྤྱི་ཚོགས་ཀྱི་སྡེ་ཚན་དུ་༢༠༡༤ ལོ་ནས་བཟུང་། བོད་ཀྱི་ས་ཁུལ་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་དང་བོད་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ལས་དོན་སྤེལ་མཁན་ཡོད་ཚེ། དེ་ནི་ཁྲིམས་འགལ་གྱི་ཚོགས་པ་ཡིན་པའི་སྐྱོན་བརྗོད་བྱས་ཏེ་སྤྱི་དམངས་སྤྱི་ཚོགས་ལ་རྒོལ་རྡུང་བྱེད་འགོ་བཙུགས་པ་སྟེ། ༢༠༡༨ ནས་ ༢༠༢༠ བར་རྒྱ་ནག་རྒྱལ་ཡོངས་སུ་ནག་ཚོགས་ལ་རྒོལ་རྡུང་ཞེས་པའི་སྲིད་ཇུས་སྤེལ་བའི་ནང་ས་ཆ་འཕྲོག་བཅོམ་དང་གཏེར་ཁ་སྔོག་འདོན། གཞུང་གི་ལྐོག་ཟ་རུལ་སུངས་དང་སྐད་ཡིག་ཉམས་རྒུད་སོགས་ལ་ངོ་རྒོལ་བྱེད་མཁན་ལ་དམིགས་འབེན་བྱས་ཡོད་པ་རེད།
བོད་རིག་པ་བ་ཁོང་གིས་དཔྱད་བརྗོད་འདིའི་ནང་དུ་རྒྱ་ནག་གིས་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ་དང་ལྷག་པར་དུ་༧གོང་ས་སྐྱབས་མགོན་རྒྱལ་རིན་པོ་ཆེ་ཡི་ཡང་སྲིད་ལ་ཁ་ལོ་བསྒྱུར་ཐབས་ནི་རྒྱ་ནག་གི་ཕུགས་ཀྱི་དམིགས་ཡུལ་ཡིན་ཞིང་འདིའི་ཆེད་དུ་རྒྱ་ནག་གིས་ཕྱི་ནང་ཡོངས་སུ་སྲིད་ཇུས་སྣ་ཚོགས་པ་སྤེལ་བཞིན་པ་དོན་ཚན་ཁ་ཤས་སུ་བཀོད་འདུག
ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ་ཞེས་པ་དང་ཡང་སྲིད་ལམ་ལུགས། ཡང་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ། མཐའ་མཚམས་གོང་འཕེལ་བཅས་སུ་རྒྱ་ནག་གིས་སྤྱིར་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་ལས། དེའི་ནང་ནས་ཀྱང་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ལ་རྒྱ་ནག་གིས་ངོས་འཛིན་ཐོབ་ཚེ་གཞི་ནས་ཁྲིམས་མཐུན་ལ་བསྒྱུར་བའི་རིམ་པ། ༢༠༡༦ ལོར་རྒྱལ་ཡོངས་སུ་ཆོས་ལུགས་དེ་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་འགུལ་སྤེལ་ཏེ་ཆོས་ལུགས་ཚོགས་པ་ཁག་གིས་ཕྱིའི་ཤུགས་རྐྱེན་དོར་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་སློབ་གསོ་གཙོ་བོར་ངོས་འཛིན་བྱེད་དགོས་པ། ནང་བསྟན་སློབ་གྲྭ་སོགས་ཀྱི་དགེ་རྒན་སོགས་ནི་རྒྱ་ནག་གཞུང་གིས་སྤྲད་པའི་ལག་ཁྱེར་ཡོད་མཁན་ཁོ་ན་ཡིན་དགོས་པ། དགོན་སྡེའི་སྣེ་ཁྲིད་པ་དང་ལས་བྱེད་ཚོས་རྒྱ་སྐད་ཤེས་དགོས་པ། དེ་མིན་༡༩༩༥ ལོར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙན་འཁྲིད་བྱས་ཏེ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདོད་མོས་ཡོད་མེད་ལ་མ་བརྟེན་པར། རང་འཚམས་ཀྱིས་ཡང་སྲིད་གཞན་ཞིག་ཁྲི་ལ་བཀོད་པ་ནས་བཟུང། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་ཇུས་དང་སྟངས་འཛིན་བྱ་རྒྱུའི་རྨང་གཞི་བཏིང་ཡོད་པ་གླེང་སློང་བྱེད་འདུག
དེ་ལྟར་རུང་ད་ལྟ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་ཞུ་གཏུག་སོགས་ཀྱིས་ཨ་མེ་རི་ཀ་གཙོས་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་ཤུགས་རྐྱེན་ཐེབས་ཐུབ་ཀྱིན་མེད་ཀྱང་། རྒྱ་ནག་གཞུང་གིས་བལ་ཡུལ་དང་འབྲུག་ཡུལ། སོག་ཡུལ་བཅས་རྒྱ་ནག་གི་ཕྱོགས་སུ་ལངས་རྒྱུར་ནུས་པ་འདོན་གི་ཡོད་པ་ཡང་བཀོད་འདུག
ཡང་དཔྱད་བརྗོད་ཡིག་ཆ་འདི་འདོན་སྤེལ་གནང་མཁན་ནི་དབྱིན་ཡུལ་དུ་རྟེན་གཞི་བྱེད་ཡོད་པའི་ས་བབ་འཐབ་བྱུས་ཞིབ་འཇུག་ཁང་ཡིན་ཞིང་ཚོགས་པ་འདིས་ཆབ་སྲིད་དང་ལོ་རྒྱུས། སྤྱི་ཚོགས་སོགས་ལ་ཞིབ་འཇུག་གིས་དབྱིན་ཇིའི་གཞུང་ལ་བསམ་འཆར་དང་བློ་འདོན་བྱེད་བཞིན་པ་རེད་འདུག དེའི་རྐྱེན་གྱིས་བོད་རིག་པ་བ་མེ་ཐེའུ་ཨ་ཁེསཌར་ (Matthew Akester) ཡིས་ཀྱང་དབྱིན་ཇིའི་གཞུང་ལ་བོད་དོན་གྲོས་གཞི་ཁག་ཅིག་བཏོན་ཡོད་པ་སྟེ། དབྱིན་ཇིའི་གཞུང་གིས་ཁེ་ཕན་གང་ཡང་ལ་རག་པའི་ངང་སྤྱི་ལོ་༢༠༠༨་ལོར་རྒྱ་ནག་གཞུང་ལ་བོད་ཀྱི་ཐོག་ཏུ་ཁྲིམས་མཐུན་གནས་བབ་ཡོད་པར་ངོས་འཛིན་ཁྱབ་བསྒྲགས་བྱས་པ་དེ་ནི་བོད་དོན་འཐབ་རྩོད་དང་རྒྱ་གར་གྱི་ས་མཚམས་ལངས་ཕྱོགས་བཅས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། དབྱིན་ཇིའི་གཞུང་གིས་ལོ་རྒྱུས་ཐོག་གི་བོད་དོན་གནས་བབ་ལ་ངོས་འཛིན་བྱེད་སྟངས་བསྐྱར་གསོ་བྱེད་དགོས་པ། རྒྱ་གར་གྱི་ས་མཚམས་བདག་དབང་ལ་རྒྱབ་སྐྱོར་བྱེད་དགོས་པ་སོགས་འབོད་སྐུལ་ནན་ཏན་བྱེད་འདུག་ལ། དབྱིན་ཇིའི་གཞུང་གིས་གོང་དུ་རྒྱ་ནག་གིས་བོད་ནང་དུ་སྤེལ་བཞིན་པའི་མི་རིགས་དང་སྐད་ཡིག སྤྱི་ཚོགས་སྒྲོམ་གཞི། དགོན་སྡེ་ལམ་ལུགས་བཅས་རྩ་མེད་གཏོང་བའི་སྲིད་ཇུས་མཚམས་འཇོག་ཡོང་བར་རྒྱ་ནག་དམར་ཤོག་གཞུང་ལ་འབོད་སྐུལ་ཞུ་དགོས་པའི་གྲོས་འཆར་བློ་འདོན་བྱེད་འདུག་ལ། ད་དུང་རྒྱ་ནག་གི་ཁྱིམ་མཚེས་ཡིན་པའི་དམངས་གཙོའི་རྒྱལ་ཁབ་ཆུང་ཆུང་རྣམས་སྲུང་སྐྱོབ་བྱེད་དགོས་པའི་གྲོས་གཞི་བཏོན་འདུག
གླེང་སྟེགས།