བོད་ཀྱི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་བཞིན་པ་དང་བོད་ནང་གི་བོད་མི་ཚོས་ཁོང་གློད་གྲོལ་བཏང་བར་དགའ་བསུའི་སྦྱར་ཡིག་འགྲེམས་བཞིན་འདུག
བོད་ནང་གི་འཕྲིན་སྟེགས་ཁག་ཏུ་ (ཤིས་པར་གྱུར་ཅིག)་ཅེས་པའི་སྤྱི་ལོ་༢༠༢༤་ལོའི་སྤྱི་ཟླ་༡༡་ཚེས་༡༩་ཉིན་ལ་རོང་བོ་དགེ་འདུན་ལྷུན་འགྲུབ་ཀྱིས་གསར་དུ་བྲིས་པའི་སྙན་ངག་ཅིག་དཔར་འགྲེམས་བྱེད་བཞིན་པ་དང་། དེ་དང་མཉམ་དུ་བོད་ནང་གི་རྩོམ་པ་པོ་འཇམ་དབྱངས་སྐྱིད་དང་ཞོགས་ལྗང་གཙོས་བོད་མི་མང་པོས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་གློད་གྲོལ་བཏང་བར་འཚམས་འདྲི་ཞུ་བཞིན་པ་མཐོང་རྒྱུ་འདུག
རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་གསང་བའི་ངང་གློད་གྲོལ་བཏང་བ་དང་། ད་ལྟའང་ད་དུང་འགྲོ་འདུག་རང་དབང་མེད་པ་དང་། ལྷག་པར་དུ་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ལ་སོགས་པའི་ཐད་ནས་གནས་ཚུལ་ཁ་གསལ་ཞིག་ཕྱི་ལ་ཐོན་ཐུབ་གི་མེད་པ་རེད།
བོད་ནང་གི་བོད་མི་ཚོས་དྲ་ལམ་དུ། རྒན་ལགས། དཀའ་ལས་མྱངས་སོང་། གློད་གྲོལ་ཐོབ་པས་སེམས་པ་དགའ་བོ་བྱུང་ཞེས་དང་། སྙན་ངག་གསར་བའི་མཆོད་པ་འདི་བོར་ནས་རྙེད་པ་དེ་ཡིས་སོ་ཞེས་དང་། ཡང་ལུས་ལ་ན་ཚ་མེད་པར་ཤོག ཚེ་ལ་བར་ཆད་མེད་པར་ཤོག་ཅེས། གློད་གྲོལ་ཐོབ་པ་སྙིང་ནས་དགའ་བོ་བྱུང་། སླར་ཡང་ཁྱེད་ཀྱི་སྙན་ངག་ལ་ལོངས་སྤྱོད་པའི་སྐལ་བཟང་མངོན་བྱུང་ཞེས་ལ་སོགས་པའི་སྦྱར་ཡིག་སྣ་ཚོགས་མཐོང་རྒྱུ་འདུག
བོད་ནང་དུ་ཤུགས་རྐྱེན་ངེས་ཅན་ཡོད་པའི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་སྤྱི་ལོ་༢༠༢༠ ལོའི་ཟླ་བ་༡༢ བའི་ཚེས་ ༢ ཉིན་རེབ་གོང་རོང་བོ་དགོན་ཆེན་གྱི་ཐག་ཉེ་བའི་སྲང་ལམ་ཞིག་ནས་གློ་བུར་དུ་རླངས་འཁོར་ནག་པོ་ཞིག་གི་ནང་དུ་བླུགས་ཏེ་བཙན་ཁྲིད་བྱས་པ་མིག་གིས་མཐོང་མཁན་བྱུང་ཡང་། དེའི་རྗེས་ལོ་ཤས་ཙམ་ལ་ཁོང་གང་དུ་བཀག་ཉར་བྱས་པ་དང་གང་དུ་ཁྲིམས་ཐག་བཅད་པ། གང་དུ་བཙོན་འཇུག་བྱས་ཡོད་པ། ཡང་ན་ཁོང་གི་ཤི་གསོན་གྱི་གནས་སྟངས་ཅི་ཡིན་སོགས་མ་ཤེས་པར་ལུས་ཡོད་མོད། ཕྱིས་སུ་གནས་ཚུལ་ཕྱི་ལ་འབྱོར་བའི་སྐབས་སུ་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཟི་ལིང་དུ་བཙོན་འཇུག་བྱས་ཡོད་པ་དང་། ༢༠༢༡ ལོའི་ཟླ་༡༢ ཚེས་༡ ཉིན་ཟི་ལིང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས་(རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་) ཞེས་པའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ཡང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་རེད།
རོང་བོ་དགེ་འདུན་ལྷུན་གྲུབ་ལགས་མདོ་སྨད་རེབ་གོང་ནས་ཡིན་ཞིང་ཁོང་གིས་རྩོམ་འབྲི་བའི་སྐབས་སུ་སྨྱུག་མིང་ལ་ལྷམ་ཀོག་ཅེས་འབྲི་སྲོལ་ཡོད། ཁོང་གིས་རོང་བོ་དགོན་ཆེན་གཙོས་ས་གནས་གང་སར་སྐོར་བསྐྱོད་ཀྱིས་བོད་ཀྱི་རིག་གནས་དང་སྐད་ཡིག་འཆད་ཁྲིད་གནང་བཞིན་པ་རེད་ལ། ལྷག་པར་དུ་འདས་པའི་ལོ་ངོ་༢༠་ཙམ་གྱི་རིང་ལ་བོད་ནང་གི་རྩོམ་རིག་ཚོགས་འདུ་དང་བགྲོ་གླེང་། དུས་དེབ་སོགས་སུ་མཇལ་རྒྱུ་ཡོད་པ་ཞིག་ཡིན། ཁོང་གིས་སྔ་ཕྱིར་<<རྐང་གླིང་སྐྱ་བོ>> དང་། <<ལྷ་ཆེན་པོའི་སྙན་ངག>> <<ཕྲེང་བ་ནག་པོ>> <<མི་ཚེའི་དབྱངས་རྟ>> <<གླེགས་བམ་དཀར་བོ>> <<འཁོར་བ་>>་བཅས་སྙན་ངག་རྐྱང་བའི་དེབ་བཏོན་མྱོང་བ་མ་ཟད། རྒྱ་ནག་གི་མི་རིགས་རྩོམ་རིག་གི་བྱ་དགའ་ཆེ་ཤོས་གྲས་རྒྱལ་ཡོངས་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་མྱོང་བ་རེད།
རོང་བོ་དགེ་འདུན་ལྷུན་འགྲུབ་ཀྱིས་གསར་དུ་བྲིས་པའི་སྙན་ངག་ཆ་ཚང་འདིར་བཀོད་ཡོད།
ཤིས་པར་གྱུར་ཅིག
རོང་བོ་དགེ་འདུན་ལྷུན་གྲུབ།
རབ་ཞི་དོན་གཉེར་ལས་ཀྱི་ཤིང་རྟ་འདེད་མཁན་འཕགས་པ་ལྷ་ཡི་ལྷ།།
བདག་གི་སྤྱི་གཙུག་སྡོང་ལོ་གཡོ་བ་བཞིན་གྱུར་དེ་ཡི་སྟེང་དུ་ནི།།
བྱིན་རླབས་རྒྱུན་མི་ཆད་པ་གངྒཱ་བསྐྱིལ་བའི་རལ་ཀློང་ལྟར།།
འཆིང་བྱེད་འགུགས་བྱེད་མི་འཆོལ་མཆོད་པའི་མཛེས་པ་རྟག་ཏུ་ཤིས་པར་སྨོན།།
ལུས་ནི་མི་འགུལ་གྲིབ་མ་མི་གཡོ་བ།།
རི་བོ་ལྟར་གྱུར་སེམས་ཀྱི་ཡུས་དག་ཀྱང་།
འཇོ་བ་མ་རྙེད་ཡིད་ནི་གདུང་བྱེད་པ།།
བསགས་པའི་ལས་ཀྱིས་བགྱིད་དོ་ཐབས་གཞན་གང་།།
ལོ་ཟླ་ཞག་དང་འགྲོགས་པའི་མིག་ཟུང་བུང་བ་དྲན་པས་མ་བཟུང་བ།།
མཆི་མར་དོན་གྱིས་བསྙེས་ཀྱང་ཨམ་ཚུགས་ཡོན་པོ་དེ་ཡིས་གནས་གང་དུ།།
རྟག་ཏུ་བྱ་ར་བགྱིས་པའི་དྲིན་གྱིས་ཁྱེད་ཅག་ཉེ་བའི་འགྲམ་ཀུན་ཏུ།།
ཞུམ་པར་མ་བྱས་དཔའ་བའི་ངང་ཚུལ་ནམ་ཡང་ཡི་གེར་བྲིས་པའོ།།
བརྩེ་བའི་ནགས་ཀློང་ག་ལ་བར།།
རེ་བའི་གོམ་པ་སྤོ་མཛད་པའི།།
ཡབ་ཡུམ་ཕྱག་གི་ཕྲེང་བ་དེས།།
ཉི་འོད་གང་དུ་མ་འགགས་སོ།།
སྐུལ་བ་བཞིན་དུ་ལྷ་དེ་དག།
མཚོ་ལ་ངང་ངུར་ལྡང་བའི་དཔེ།།
རྟག་ཏུ་སེམས་ལ་འདུ་བ་ཤེས།།
སྐྱབས་ཀྱི་དམ་པ་ཇི་སྙེད་སྤྱན་གྱིས་གཟིགས་པ་མ་ལྷོད་པས།།
ཟགས་པའི་ལུས་པོ་འདི་འང་སྐྱོན་གྱིས་ཡོངས་སུ་བྲལ་བ་ནི།།
ཡར་ཚེས་ཟླ་བ་དང་མཚུངས་པདྨ་གསར་བའི་མཛེས་པ་ལྟར།།
འོད་ཀྱིས་འཚེར་རོ་རྣམ་ཀུན་འདི་ལ་རྣ་བ་ཕྱོགས་པའི་ཚོགས།།
འབྲལ་བ་དང་བྲལ་འཛོམས་པའི་རྩིག་པའི་ངོས།།
རི་མོ་འབྲི་བའི་ལག་པའི་འདུ་བྱེད་ནི།།
སྣ་ཚོགས་འཛུམ་དང་ཉེ་བར་བསྡེབས་པ་ལ།།
རྟག་ཏུ་གཡོ་མེད་ལྷ་རྣམས་ཀྱིས་ནི་སྲུང་གྱུར་ཅིག།
2024.11.19
གླེང་སྟེགས།