ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

སྲིད་བློན་མོ་དྷིའི་ལས་ཡུན་གསུམ་པའི་སྔོན་རྩིས་དང་པོ།


སྲིད་བློན་མོ་དྷིའི་ལས་ཡུན་གསུམ་པའི་སྔོན་རྩིས་དང་པོ།
སྲིད་བློན་མོ་དྷིའི་ལས་ཡུན་གསུམ་པའི་སྔོན་རྩིས་དང་པོ།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་གྱི་སྲིད་བློན་མོ་དྷིས་ལོ་བཅུའི་རིང་སྲིད་དབང་བཟུང་ནས་ལས་ཡུན་གསུམ་པ་འགོ་འཛུགས་ཀྱི་མཚམས་འདིར་རྒྱ་གར་གྱི་དཔལ་འབྱོར་གྱི་འཕེལ་རྒྱས་རྒྱུན་སྲིང་བྱ་རྒྱུར་མི་མང་ལ་འཚོ་བརྟེན་ལས་ཀའི་གོ་སྐབས་མང་དུ་གཏོང་གི་ཡིན་གསུངས་པ་དང་། ཁོང་གི་དབུ་ཁྲིད་པའི་མནའ་འབྲེལ་གཞུང་གསར་པའི་སྔོན་རྩིས་དང་པོ་དེ་གཟའ་མིག་དམར་ཉིན་གྲོས་ཚོགས་ལ་ཕུལ་འདུག དེའི་ནང་རྒྱ་གར་ནང་འཚོ་བརྟེན་ལས་ཀའི་གོ་སྐབས་མང་དུ་གཏང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་བཟང་དུ་གཏང་རྒྱུར་གྲོ་གྲོན་མང་བ་བཏང་ཡོད་པ་རེད། དེ་དང་དུས་མཚུངས་སྲིད་དབང་རྒྱུན་འཛིན་ཐུབ་རྒྱུར་མནའ་འབྲེལ་ཚོགས་པ་ཆེ་ཁག་གི་འདོད་པ་བསྟུན་ནས་ཁོང་ཚོ་འདོད་བློ་ཁེངས་ཐབས་ལ་འགྲོ་གྲོན་བཟུར་བཅད་བྱས་འདུག

སྔོན་རྩིས་དེའི་ནང་འབྱུང་འགྱུར་ལོ་ལྔའི་རིང་རྒྱ་གར་ནང་འཚོ་བརྟེན་ལས་ཀ་བསྐྲུན་རྒྱུ་དང་། ཁེ་ལས་ཆུང་བ་དང་འབྲིང་བ་འཕེལ་རྒྱས་ལ་མཁོ་བའི་བུ་ལོན་གྱི་མཐུན་རྐྱེན་སྤྲོད་རྒྱུར་ཨ་སྒོར་ཐེར་འབུམ་༢༤་ཙམ་གཏང་རྒྱུ་ཡིན་ཞེས་བཀོད་འདུག

སྲིད་བློན་མོ་དྷིའི་ནོར་སྲིད་བློན་ཆེན་ནིརྨ་ལ་སི་ཐ་རཱ་མ་ནས་སྔོན་རྩིས་ངོ་སྤྲོད་ཀྱི་གཏམ་བཤད་ནང་རྒྱ་གར་གྱི་ལས་ཐོག་གཞུང་ནི་རྒྱ་གར་གྱི་རྒྱལ་ནང་བཟོ་ཚོང་ཆུང་བའི་གྲས་དང་། ལས་ཀའི་སྦྱོང་བརྡར། ལས་ཀ་བསྐྲུན་རྒྱུ་སོགས་བརྒྱུད་དཔལ་འབྱོར་འཕེལ་རྒྱས་གོང་མཐོར་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་ཅེས་གསུངས་འདུག

གསར་དུ་ཕྱིར་བསྒྲགས་གནང་བའི་རྒྱ་གར་གྱི་སྔོན་རྩིས་ནང་དབུལ་ཕོངས་ཉམ་ཐག་གི་སྡོད་ཁང་ལ་ས་ཡ་༣༠་ཙམ་གཏང་རྒྱུ་དང་། སློབ་གྲྭ གནམ་ཐང་། རྒྱ་ལམ་སོགས་རྨང་གཞིའི་འཛུགས་བསྐྲུན་འདྲ་མིན་གྱི་ལས་འཆར་གསལ་འདུག དཔལ་འབྱོར་དབྱེ་ཞིབ་པ་ཚོས་ད་ལྟ་འཛམ་གླིང་ནང་བཟོ་ཚོང་ཆེ་ཤོས་རྒྱལ་ཁབ་ཆེ་ཤོས་ལྔ་པ་ཡིན་པ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་རྒྱུའི་ཁེ་ཕན་ནི་མི་མང་སྐྱོ་བ་ལས་འབྱོར་ལྡན་ཉུང་ཤས་ལ་ཐོབ་ནས་གཅིག་གྱུར་མེད་པ་དང་། འདས་པའི་ལོ་བཅུ་ཁྲག་གཅིག་པོར་རྒྱ་གར་ནང་དབུལ་ཕྱུག་གི་བར་ཁྱད་སྔར་ལས་ཆེ་རུ་སོང་ཡོད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད། སྲིད་བློན་མོ་དྷིས་གསུང་བཤད་གཅིག་གི་ནང་། ད་ལོའི་སྔོན་རྩིས་དེས་འཛམ་གླིང་ནང་རྒྱ་གར་དེ་བཟོ་ཚོང་ཐད་རྒྱལ་ཁབ་དཔལ་འབྱོར་ཆེ་ཤོས་གསུམ་པ་བཟོ་རྒྱུའི་མཐུན་རྐྱེན་བྱེད་རེད་ཅེས་གསུངས་ཡོད།

སྲིད་བློན་མོ་དྷིའི་བྷ་རྭ་ཏི་ཡ་བྷྱན་ཏ་ཚོགས་པ་རྐྱང་པས་གཞུང་བཟུང་ཐུབ་རྒྱུར་འཐུས་མིའི་གྲངས་ཚད་ལོན་གྱི་མེད་པ་དང་། གཞུང་འཛིན་རྒྱུར་མནའ་འབྲེལ་ཆེ་བའི་གྲས་ནས་བྷི་ཧཱར་མངའ་སྡེའི་ཇན་ཏ་དྷལ་ཚོགས་པ་དང་། ཨཎ་དྷ་རཱ་པར་དེཤ་ཏེ་ལུ་གྷུ་ཌེ་སམ་ཚོགས་པ་གཉིས་ཀྱི་འདོད་པ་བསྟུན་རྒྱུར་མནའ་འབྲེལ་ཚོགས་པ་དེ་གཉིས་ཀྱི་མངའ་སྡེ་དེ་གཉིས་ཡར་རྒྱས་གཏང་རྒྱུར་སྔོན་རྩིས་ནང་འགྲོ་གྲོན་མང་བ་གཏང་རྒྱུ་བཀོད་འདུག

རྒྱ་གར་ནང་ཆུ་ལོག་གི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་སྔོན་རྩིས་དེའི་ནང་ཨ་སྒོར་དུང་ཕྱུར་༡༣༧་ཙམ་ཟུར་བཅད་གནང་འདུག རྡོ་སོལ་དང་རྡོ་སྣུམ་སོགས་མེ་ཤིང་ལ་བཀོལ་སྤྱོད་བྱེད་རྒྱུ་སོགས་འགྲོ་བ་མིའི་བྱེད་ལས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཉེར་ལེན་ཆུ་ལོག་སོགས་པའི་ཉེན་ཁ་ཡོང་ས་གཅིག་ནི་རྒྱ་གར་ཡིན་ནའང་། ཤུགས་ཚད་མེ་གྷ་ཝཌ་༨༠༠ཡོད་པའི་རྡོ་སོལ་གྱི་གློག་ཁང་གསར་རྒྱག་ཆེད་སྔོན་རྩིས་ཟུར་བཅད་བྱས་འདུག འོན་ཀྱང་གནམ་གཤིས་འགྱུར་ལྡོག་གིས་ཉམས་ཉེས་མི་ཡོང་བར་སོན་གི་མཐུན་རྐྱེན་སྤེལ་རྒྱུ་སོགས་སོ་ནམ་ཞིང་ལས་དང་འཕྲུལ་རིག་ལས་དོན་ལ་གཞུང་གིས་རོགས་པ་གནང་རྒྱུར་ཨ་སྒོར་དུང་ཕྱུར་༡༨༠་ཙམ་སྔོན་རྩིས་དེའི་ནང་ལ་ཟུར་བཅད་གནང་འདུག

སྲིད་བློན་མོ་དྷིའི་གཞུང་གསར་པས་རེས་གཟའ་མིག་དམར་ཉིན་གྲོས་ཚོགས་ལ་ཕུལ་བའི་སྔོན་རྩིས་དེ་གཏན་འབེབས་ཡོང་རྒྱུར་གྲོས་ཚོགས་གོང་འོག་གཉིས་ཀས་བཀའ་ཁྲོལ་ཐོབ་དགོས་ཀྱི་ཡོད་པ་དང་། སྲིད་བློན་མོ་དྷིའི་མནའ་འབྲེལ་ཚོགས་པར་གྲོས་ཚོགས་ནང་འཐུས་མི་གྲངས་མང་ཡིན་པར་བརྟེན་སྔོན་རྩིས་དེ་གཏན་འཁེལ་ཟིན་པ་ལྟ་བུ་ཆགས་ཡོད།

ཨེ་པི་དང་རུའི་ཀྲར་གསར་ཁང་གཉིས་ནས་བཏུས།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG