ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཐེ་ཝན་དང་རྒྱ་ནག་གི་སྤྱི་གསར་ཤིས་ཚིག་གི་བརྡ་དོན།


 ཐེ་ཝན་དང་རྒྱ་ནག་གི་སྤྱི་གསར་ཤིས་ཚིག་གི་བརྡ་དོན།
ཐེ་ཝན་དང་རྒྱ་ནག་གི་སྤྱི་གསར་ཤིས་ཚིག་གི་བརྡ་དོན།

རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་ཕིང་དང་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝེན་གཉིས་ཀྱི་ཕྱི་ལོ་གསར་རྙིང་བསྣོལ་མཚམས་ཀྱི་རྒྱལ་ཡོངས་གཏམ་བཤད་ལ་རྒྱལ་སྤྱིའི་ནང་དོ་སྣང་བྱེད་མཁན་ཧ་ཅང་མང་ཞིང་། དཔྱད་བརྗོད་ཀྱང་སྣ་ཚོགས་སྤེལ་བཞིན་འདུག

སྤྱི་ལོ་༢༠༢༤་གསར་ཚེས་འདིར་ཨ་རི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་ད་ལྟ་ཚ་ཚ་འུར་འུར་གྱིས་འགྲོ་བཞིན་པའི་ཐེ་ཝན་སྲིད་འཛིན་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། ཚེས་༡༣་ཉིན་གྱི་རྒྱལ་ཡོངས་འོས་བསྡུའི་སྐབས་སུ་ཆབ་སྲིད་ཚོགས་པ་སུ་ལ་རྒྱལ་ཁ་ཐོབ་མིན་ནི་འཛམ་གླིང་ཤར་ནུབ་ཚང་མས་དོ་སྣང་བྱེད་ས་ཞིག་ཆགས་ཡོད། དེའི་ནང་ནས་ཀྱང་རྒྱ་ནག་དམར་ཤོག་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད། ཡང་ཐེ་ཝན་གྱི་ཆབ་སྲིད་པ་ཚོ་དང་གསར་ཁང་ཚོས་བརྗོད་ན་རྒྱ་ནག་གཞུང་གིས་མངོན་ལྐོག་གཉིས་ནས་ཐེ་ཝན་གྱི་འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པ་རེད། དེའི་བར་ན་ཞིས་ཅིན་པེན་གྱི་སྤྱི་གསར་ཤིས་ཚིག་དེ་ཡིས་ཀྱང་ཐེ་ཝན་ལ་ཤུགས་རྐྱེན་ཐེབས་སྲིད་པར་ཚོད་དཔག་བྱེད་བཞིན་འདུག

རྒྱ་ནག་གི་མགོ་ཁྲིད་ཞིས་ཀྱི་སྤྱི་གསར་གཏམ་བཤད་སྐབས།
རྒྱ་ནག་གི་མགོ་ཁྲིད་ཞིས་ཀྱི་སྤྱི་གསར་གཏམ་བཤད་སྐབས།

རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཞིས་ཅིན་ཕིང་གྱིས་སྤྱི་ལོ་༢༠༢༣་ལོའི་ཉིན་མཐའ་མར་སྤྱི་ལོ་༢༠༢༤་ལོའི་སྤྱི་ལོ་གསར་བར་ཤིས་ཚིག་སྒྲོག་སྦྱངས་བྱས་སྐབས་ཁོས་མེས་རྒྱལ་གོང་བུ་གཅིག་གྱུར་ནི་ལོ་རྒྱུས་ཀྱི་དགོས་མཁོ་ཡིན་ཞེས་གསལ་སྟོན་བྱས་འདུག་མོད། ཡིན་ན་ཡང་ཐེ་ཝན་སྲིད་འཛིན་ལྕམ་ཚེ་དབྱིན་ཝེན་གྱིས་ཐེ་ཝན་དང་རྒྱ་ནག་འབྲེལ་ལམ་ནི་ཐེ་ཝན་མི་མང་གིས་འདོད་བློ་དང་དམངས་གཙོ་རྩ་འཛིན་བྱེད་དགོས་ཤིང་། མཚོ་འགག་ཕྱོགས་གཉིས་ཀ་འདྲ་མཉམ་གྱི་རྨང་གཞིའི་འོག་གྲོས་མོལ་གྱི་ལམ་ནས་ཕུགས་རྒྱང་རིང་བའི་ཞི་བདེ་བསྐྲུན་པར་ཐབས་ལམ་འཚོལ་དགོས་པར་བརྗོད་འདུག

ཐེ་ཝན་སྲིད་འཛིན་ལྕམ་ཚེ་དབྱིན་ཝིན་གྱི་སྤྱི་གསར་གཏམ་བཤད་སྐབས།
ཐེ་ཝན་སྲིད་འཛིན་ལྕམ་ཚེ་དབྱིན་ཝིན་གྱི་སྤྱི་གསར་གཏམ་བཤད་སྐབས།

ལྕམ་ཚེ་དབྱིན་ཝེན་གྱི་རྒྱལ་ཡོངས་གཏམ་བཤད་དུ་ཁོང་གི་བློན་ཆེན་ལྷན་ཁང་གི་ལས་རོགས་ཚོ་དང་མཉམ་དུ་ཐེན་ཝན་སྲིད་འཛིན་ཁང་ནས་ཕྱི་ནང་གསར་འགོད་པ་ཚོར་འཛོམས་སར་ཐོག་མར་གཏམ་བཤད་དང་དེའི་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད། ཐེ་ཝན་དུ་གཟའ་འཁོར་གཉིས་ཙམ་གྱི་རྗེས་སུ་སྲིད་འཛིན་གསར་བ་འོས་འདེམས་བྱེད་བཞིན་ཡོད་པ་དང་ལྕམ་ཚེ་དབྱིན་ཝེན་གྱིས་སྲིད་འཛིན་དུས་ཡུན་གཉིས་ཀྱི་ལོ་ངོ་བརྒྱད་པོ་དེ་མཇུག་སྒྲིལ་ལ་ཉེ་བ་རེད། ལྕམ་ཚེ་དབྱིན་ཝེན་གྱིས་ཁོང་གི་གཞུང་འཛིན་གྱི་ལོ་ངོ་བརྒྱད་ཀྱི་རིང་ལ་ཞི་བདེ་དང་དམངས་གཙོ་རྩ་འཛིན་བྱས་ཏེ་འཛམ་གླིང་འདིའི་སྒང་ལ་ཐེ་ཝན་ཞེས་ངོ་སྤྲོད་ཡག་པོ་ཞིག་བྱེད་ཐུབ་ཡོད་པ་དང་། ཐེ་ཝན་མི་མང་ལ་ཡང་ཐེ་ཝན་ཡོད་པའི་འཛམ་གླིང་ཞིག་ངོ་སྤྲོད་བྱེད་ཐུབ་ཡོད་པ་འདི་གྲུབ་འབྲས་ཆེ་ཤོས་ལ་བརྩི་བཞིན་འདུག དེ་ཡང་ལྕམ་ཚེ་དབྱིན་ཝེན་གྱིས། ཞི་བདེ་དང་འདྲ་མཉམ། དམངས་གཙོ། གྲོས་མོལ་བཅས་ཀྱིས་རྨང་གཞི་བྱེད་དེ་ཕྱོགས་གཉིས་ཀས་རྒྱུན་རིང་གི་ཞི་བདེ་བརྟན་བརླིང་ཞིག་བསྐྲུན་ཐབས་ལ་ཐུན་མོང་གིས་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག

ཡང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་སྤྱི་གསར་ཤིས་ཚིག་ཏུ་ཐེ་ཝན་གླེང་ཕྱོགས་དེ་རྒྱལ་ནང་དང་ཕྱི་རྒྱལ་དུ་བསྒྲགས་སྟངས་གཉིས་ཀྱི་ཚིག་སྦྱོར་སོགས་ལ་འགྱུར་བ་ཅུང་ཙམ་བཏང་འདུག

རྒྱལ་སྤྱིའི་གསར་ཁང་ཆེ་ཁག་རའོ་ཌར་དང་ཝ་ཤིན་ཀྲོན་ཡིག་ཟམ་སོགས་ཀྱིས་དཔྱད་བརྗོད་སྤེལ་བ་ལྟར་ན། ཞི་ཅིན་ཕིང་གྱིས་ཤིག་ཚིག་སྒྲོག་སྦྱང་གི་བརྙན་དེའི་ནང་དུ། མེས་རྒྱལ་གོང་བུ་གཅིག་གྱུར་ནི་ལོ་རྒྱུས་ལྡོག་ཐབས་མེད་པ་ཞིག་ཡིན་ཞེས་པའི་བརྗོད་ཚིག་གི་ནང་དོན་དང་དུས་ཚོད་སོགས་ཕྱོགས་གང་ཅིའི་ཐད་ནས་ལོ་སྔོན་མ་དང་བསྡུར་ན་ཚབས་ཆེ་རུ་བརྩི་བཞིན་འདུག་མོད། ཡིན་ན་ཡང་རྒྱ་ནག་མི་མང་རླུང་བརྙན་འཕྲིན་དང་དྲ་ལམ་དུ་ཐོན་པའི་སྤྱི་གསར་ཤིས་ཚིག་ཏུ་ཞི་ཅིན་ཕིང་གྱིས་ཐེ་ཝན་ལ་དམག་གི་དཔུང་འཇུག་བྱེད་རྒྱུའི་བཟོ་ལྟ་དང་ཉེན་བརྡ་བཏང་མེད་པ་མ་ཟད། ཞིན་ཧྭ་གསར་ཁང་གིས་ཤིས་ཚིག་དེ་དབྱིན་ཡིག་ནང་བསྒྱུར་བའི་སྐབས་སུ་ཐེ་ཝན་དང་འབྲེལ་བའི་ཚིག་རྣམས་འཇམ་པོར་བཏང་ནས་ཐ་ན་ཐེ་ཝན་ཞེས་དམིགས་བཀར་གྱི་མིང་འདོན་ཡང་བྱེད་མི་འདུག དཔེར་ན་ཞི་ཅིན་ཕིང་གིས་མེས་རྒྱལ་གོང་བུ་གཅིག་གྱུར་ནི་ལོ་རྒྱུས་ལྡོག་ཐབས་མེད་པ་ཞིག་ཡིན། མཚོ་འགག་ཕྱོགས་གཉིས་ཀྱི་སྤུན་ཟླས་ལག་སྦྲེལ་སེམས་མཐུན་ངང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་སྤྱོད་བྱ་དགོས་ཞེས་པ་འདིའི་ནང་གི་མེས་རྒྱལ་གོང་བུ་གཅིག་གྱུར་ནི་ལོ་རྒྱུས་ལྡོག་ཐབས་མེད་པ་ཞིག་ཡིན་ཞེས་པར་ཞིན་ཧྭ་གསར་ཁང་གིས་མེས་རྒྱལ་གོང་བུ་གཅིག་གྱུར་བྱེད་དགོས། ཞེས་བསྒྱུར་བ་དང་། ཡང་མཚོ་འགག་ཕྱོགས་གཉིས་ཀྱི་སྤུན་ཟླས་ལག་སྦྲེལ་སེམས་མཐུན་ངང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་སྤྱོད་བྱ་དགོས།་ཞེས་པ་འདིའི་ནང་གི་མཚོ་འགག་ཕྱོགས་གཉིས་ཀྱི་སྤུན་ཟླས་ཞེས་པ་དེའི་ཚབ་ལ་རྒྱ་ནག་མི་མང་ཡོངས་ཀྱིས་ཞེས་བསྒྱུར་ཡོད་པ་རེད།
རྒྱ་རིགས་ཆབ་སྲིད་དཔྱད་བརྗོད་པ་དང་མཁས་པ་ཚོས་ད་ལོ་ཞི་ཅིན་ཕིང་གི་སྤྱི་གསར་གྱི་གཏམ་བཤད་ཧྲིལ་བོ་ཧ་ཅང་མངོན་ཆུང་གི་ཉམས་ཤིག་ཡོད་པ་དང་། ལྷག་པར་དུ་དར་རྒུད་ཀྱི་ཆོས་ཉིད་གླེང་སློང་གིས་རྒྱ་ནག་ཏུ་དཔལ་འབྱོར་ཉམས་རྒུད་འབྱུང་བཞིན་པ་དེ་ཚོ་རང་བཞིན་དང་རྒྱུན་ལྡན་ཞིག་ཏུ་གཏོང་ཐབས་བྱས་ཡོད་འདུག ཡང་ཞི་ཅིན་ཕིང་གིས་གསར་འགོད་པ་དང་མི་མང་གིས་ཁ་ཐུག་དྲི་བ་འདོན་ཐབས་དང་བསམ་ཚུལ་ཤོད་ཐབས་མེད་ས་ཞིག་ཏུ་ཁོའི་འདོད་པ་ལྟར་བཤད་བཞིན་པ་དེར་སྐྱོན་བརྗོད་ལ་རང་དབང་མེད་སར་བསྟོད་བསྔགས་ལ་རིན་ཐང་མེད་ཅེས་ངོས་འཛིན་ཞུ་བཞིན་འདུག

སྤྱིར་རྒྱ་ནག་དམར་ཤོག་གི་སྒེར་གཅོད་སྲིད་གཞུང་དང་ཐེ་ཝན་དམངས་གཙོའི་གཞུང་གཉིས་བར་དུ་ཐེ་ཝན་གྱི་འོས་བསྡུའི་ཐད་ནས་ཁ་ཐུག་འབྲེལ་བ་མེད་ཀྱང་། རྒྱ་ནག་གཞུང་གིས་ཐེ་ཝན་དེ་རྒྱ་ནག་གི་རྒྱལ་ཁོངས་ཡིན་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ། དྲག་པོའི་དཔུག་འཇུག་བྱེད་དེ་ཟླ་སྒྲིལ་གཏོང་རྒྱུའི་ཉེན་བརྡ་གཏོང་རྒྱུ་མཚམས་འཇོག་བྱེད་མ་མྱོང་བས། ཐེ་ཝན་གྱི་འོས་བསྡུའི་ཁྲོད་དུ་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་ལམ་དང་འབྲེལ་བ་ཡོད་པའི་བརྗོད་གཞི་རྣམས་ནི་གལ་ཆེ་ཤོས་གྲས་ཆགས་ཡོད་པ་རེད།

ཐེ་ཝན་གྱི་འོས་བསྡུ་སླེབས་ལ་ཡོད་པའི་སྐབས་སུ་རྒྱ་ནག་གིས་དྲག་པོའི་འཇིགས་སྐུལ་བྱེད་རྒྱུ་ཇེ་མང་དུ་བཏང་བ་དང་ཚོང་འབྲེལ་གཅོད་པ། ཡོངས་གྲགས་ཀྱིས་ཁ་དམག་སློང་བ། ད་དུང་ཐེ་ཝན་གྱི་འོས་ཤོག་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་དང་བློ་ཐག་ཉེ་བའི་ཆབ་སྲིད་ཚོགས་པར་རྒྱབ་སྐྱོར་དང་འོས་ཤོག་སློང་རོགས་བྱེད་བཞིན་པ་རེད།

དེ་ལྟར་རུང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ཡི་སྲང་ལམ་དུ་ཐེ་ཝན་ན་གཞོན་ཁག་ཅིག་ལ་ཞི་ཅིན་ཕིང་གིས་རྒྱ་ནག་དང་ཐེ་ཝན་ཟླ་སྒྲིལ་གཏོང་རྒྱུ་དང་མཚོ་འགག་གཉིས་ཀ་ཁྱིམ་ཚང་གཅིག་ཡིན་ཞེས་པར་ངོས་འཛིན་གང་འདྲ་བྱེད་བཞིན་པའི་སྐད་ཆ་དྲིས་སྐབས།

ཐེ་ཝན་མི་མང་གི་བསམ་ཚུལ།
ཐེ་ཝན་མི་མང་གི་བསམ་ཚུལ།

ཝུ་ཁཱན་གྱིས་བརྗོད་རྒྱུར། ང་རྒྱ་ནག་གི་ཆ་ཤས་སུ་ཆགས་རྒྱུའི་འདོད་པ་མེད། ངས་ང་རང་ཐེ་ཝན་པ་ཡིན་བསམ་གི་ཡོད། ང་རང་རྒྱ་ནག་པ་མིན།

ཝེལ་བྷུར་སུ་ཡིས་བརྗོད་རྒྱུར། ངས་བསམ་ན་རྒྱ་ནག་ནི་རྒྱ་ནག་རེད། ཐེ་ཝན་ནི་ཐེ་ཝན་རེད། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག ང་ཚོར་འགྱུར་བ་ཅི་གང་གཏོང་འདོད་མེད།

ཡང་སིན་ཁྲེན་གྱིས་བརྗོད་རྒྱུར། ང་ལ་མཚོན་ན། ཐེ་ཝན་ནི་ཐེ་ཝན་རེད། རྒྱ་ནག་ནི་རྒྱ་ནག་རེད། དེ་གཉིས་ཁྱད་པར་ཆེན་པོ་རེད།

གཟའ་འཁོར་རྗེས་མར་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་དང་། དེའི་ཁྲོད་དུ་ད་ལྟའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་བྱེད་མཁན་མང་ཤོས་དེ་ཡིན་པར་བརྗོད་ཀྱང་། ཡང་རྒྱ་ནག་གཞུང་དང་འབྲེལ་བ་ཡག་པོ་ཡོད་པའི་ཁ་གཏད་ཆབ་སྲིད་ཚོགས་པར་ཡང་རྒྱུན་རིང་གི་རྒྱབ་སྐྱོར་བ་མང་པོ་ཡོད་པ་རེད།

XS
SM
MD
LG