༄༅།། རྒྱ་ནག་གི་ན་གཞོན་ཚོར་དགའ་རོགས་སྒྲིག་འདོད་མེད་པ་དང་གཉེན་སྒྲིག་བྱ་འདོད་མེད་པ། ཕྲུ་གུ་སྐྱེ་འདོད་མེད་པ་དང་ཁང་པ་ཉོ་འདོད་མེད་པ་བཅས་འདོད་པ་མེད་པ་བཞིའི་ལྟ་བ་བཟུང་། ད་དུང་རྒྱ་ནག་གི་ཕྱིར་ཚོང་སྔ་ལོ་ལས་ཉམས་ཆག་ཕྱིན་ཏེ་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་དམར་ཤོག་ཚོགས་པས་བློ་འཚབ་ཆེན་པོ་བྱ་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༡༣་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ན་གཞོན་ཚོས་འདོད་པ་མེད་པ་བཞིའི་ལྟ་བ་འཛིན་གྱི་ཡོད་པས་པེ་ཅིང་གི་དབང་འཛིན་པ་ཚོར་ན་གཞོན་ལ་ལས་ཀ་བཀོད་སྒྲིག་དང་ཁྱིམ་འཛིན་གྱི་བྱ་བར་སྤྲོ་སྣང་འཕེལ་དུ་འཇུག་དགོས་པའི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཁ་སྔོན་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་རྒྱ་ནག་གི་གཞི་གྲངས་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧྥུ་ལིང་ཧྭ་(Fu Linghua)་ཡིས་ལོ་༡༦་ནས་༢༤་བར་དུ་སོན་པའི་ན་གཞོན་ས་ཡ་༦་གིས་ལས་ཀ་འཚོལ་གྱི་ཡོད་ཅེས་བསྒྲགས། ཧྥུ་ལིང་ཧྭའི་གཞི་གྲངས་ཁོངས་སུ་ལོ་འདིར་རྒྱ་ནག་གི་སློབ་ཆེན་ཁག་ནས་ན་གཞོན་ས་ཡ་༡༡་དང་འབུམ་༦་ཐོན་ནས་ལས་ཀ་འཚོལ་གྱི་ཡོད་པ་རྣམས་རྩིས་མེད་པའི་གནས་ཚུལ་ཐོན་འདུག
རྒྱ་གཞུང་གི་གཞི་གྲངས་ཁོངས་སུ་ལས་ཀ་དང་ཡོང་འབབ་བརྟན་པོ་མེད་པར་འཚོ་བའི་དཀའ་ངལ་འཕྲད་བཞིན་པའི་ལོ་ན་༣༠་སོ་གྲངས་སུ་སོན་པའི་ན་གཞོན་རྣམས་མ་འཁོད། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ལོ་ན་༣༠་སོ་གྲངས་སུ་སོན་པའི་ཕོ་གསར་མོ་གསར་ལས་མེད་ཚོར་འདོད་པ་མེད་པ་བཞིའི་ལྟ་བ་འཛིན་པའི་ན་གཞོན་ཞེས་མིང་བཏགས། རྒྱ་ནག་གི་ཕོ་གསར་ལོ་༣༠་ཅན་ཞིག་གིས་བརྙན་ཐུང་ཞིག་ཕབ་ནས་ན་གཞོན་མང་ཆེ་བས་ཟླ་གྲོགས་ཁང་པ་ཡོད་མཁན་ཞིག་ལ་ཐུག་རྒྱུའི་རེ་ལྟོས་འཆང་གི་འདུག ཡིན་ནའང་ས་ཁང་གི་རིན་གོང་གནམ་ལ་འཕར་ནས་ཉོ་ཐབས་བྲལ། ངས་དཀའ་ལས་མ་བརྒྱབ་པ་མིན། ངས་དཀའ་ལས་བརྒྱབ་ཀྱང་འབྲས་བུ་སྨིན་མ་སོང་། ངས་ཕྱི་ལོ་༢༠༢༠་ནས་པེ་ཅིང་གི་བཟའ་བཏུང་སྐྱེལ་འདྲེན་ཟ་ཁ་ཆུང་ཆུང་ཞིག་ཏུ་ངལ་རྩོལ་བརྒྱུགས་པ་ཡིན། ད་ལྟ་ང་ལ་རྒྱ་སྒོར་ཁྲི་ཚོ་༢་ཡས་མས་ཤིག་གི་བུ་ལོན་ཡོད། ལོ་བཅུའི་ཡར་སྔོན་ཡིན་ན་ངས་དགའ་རོགས་ཤིག་བཙལ་ཐུབ་ཀྱང་ད་ནི་སྲིད་ཐབས་མེད་པ་ཞིག་པ་རེད། གལ་སྲིད་ང་ལ་ཕྲུ་གུ་ཡོད་ན་བུ་ཕྲུག་ཚོས་འཇིག་རྟེན་འདིར་དཀའ་སྡུག་ཁོ་ན་མྱོང་དགོས་ཐུག་གི་རེད་ཅེས་བཤད་འདུག
ཐོག་མར་ལོ་འདིའི་ཕྱི་ཟླ་༤་པའི་ནང་ཧྲང་ཧེ་གྲོང་ཁྱེར་གྱི་བརྙན་ཐུང་བརྒྱུད་སྤེལ་དྲྭ་ཚིགས་ཏེ། ཟླ་འོད་འོག་ཟེར་བའི་དྲྭ་ཚིགས་སུ་བརྙན་ཐུང་དེ་བཀྲམ། ཉེ་དུས་ཤིག་ནས་རྒྱ་ནག་གི་ས་ཐོག་ཏུ་བརྙན་ཐུང་དེ་བཀག་ནས་བལྟ་མི་ཐུབ་ཀྱང་ཕྱི་རྒྱལ་གྱི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བརྙན་ཐུང་དེར་སྔར་བཞིན་བལྟ་ཐུབ། ལོ་ཤས་གོང་དུ་རྒྱ་ནག་གི་ན་གཞོན་ཚོར་ལས་ཀའི་གནོན་ཤུགས་ཆེ་དྲགས་པ་དང་འགྲན་སྡུར་ཆེ་དྲགས་པ། ཁང་པ་ཉོས་ནས་གཉེན་སྒྲིག་བྱ་རྒྱུ་དང་ཕྲུ་གུ་སྐྱེས་ནས་ཁྱིམ་འཛིན་གྱི་དཀའ་ངལ་ཆེ་དྲགས་ཏེ་གྲོད་པ་མ་ལྟོགས་ཙམ་བྱུང་ན་ཅི་ཡང་མི་བསྒྲུབ་པར་ལེབ་ཉལ་བྱ་རྒྱུའི་ལས་འགུལ་སྤེལ། ༢༠༢༣་ལོར་རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་མི་རག་པ་དང་ཡོང་འབབ་བརྟན་པོ་མེད་པ། དཔལ་འབྱོར་གྱི་དཀའ་ངལ་འོག་ནས་ཐར་ཐབས་སུ་འདོད་པ་མེད་པ་བཞིའི་ལྟ་བ་འཛིན་རྒྱུ་མགོ་བརྩམས། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ན་གཞོན་ལས་མེད་པའི་གྲངས་འབོར་དང་དོན་དམ་གྱི་ན་གཞོན་ལས་མེད་པའི་མི་གྲངས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པའི་དོགས་པ་བསླངས།།
རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་གྱི་གུང་གཞོན་ཚོགས་པས་སྙན་ཐོ་བཏོན་པ་དེར་འཁོད་པ་ན། སློབ་ཆེན་ཐོན་པའི་ན་གཞོན་༡༥༥༠༡་ལ་བསམ་ཚུལ་དྲིས་པར་མི་༡༢༡༥་འམ། ན་གཞོན་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༨་གྱིས་འདོད་པ་མེད་པ་བཞིའི་ལྟ་བ་བཟུང་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཀོང་ཀྲུག་གུང་གཞོན་ཚོགས་པས་སྤྱི་ཚོགས་ཀྱི་རིམ་པ་ཁག་གིས་ན་གཞོན་ཚོས་འདོད་པ་མེད་པ་བཞིའི་ལྟ་བ་བཟུང་ཡོད་པ་འདོད་པ་ཡོད་པ་བཞི་ལ་སྒྱུར་ཐབས་བྱ་དགོས་ཞེས་ནན་གྱིས་བསྐུལ། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་དངུལ་རྩ་དང་དངུལ་ཁང་ཞིབ་འཇུག་སྡེ་ཚན་གྱི་ཉམས་ཞིབ་པ་ཀྲང་ཁྲུང་གིས་ལོ་ཤས་གོང་ནས་སྲིད་གཞུང་གིས་ས་ཁང་ཉོ་ཚོང་དང་དྲྭ་རྒྱ། སྒེར་གྱི་སློབ་ཚན་ཟུར་ཁྲིད་བཅས་ཀྱི་ཚོང་ལས་ཁག་ལ་དམ་དྲག་བྱས་ནས་ཤེས་ཚད་ཧ་ཅང་མཐོན་པོ་ཡོད་པའི་ན་གཞོན་ཚོར་འོས་འཚམས་ཀྱི་ལས་ཀ་ཞིག་རག་གི་མི་འདུག རྒྱ་ནག་གི་བཟོ་ལས་ཉམས་ཆག་ཕྱིན་པ་དང་སྲིད་གཞུང་གིས་སྲི་ཞུའི་ལས་རིགས་ལ་ཤུགས་སྣོན་རྒྱག་གི་ཡོད་པས་ན་གཞོན་ཤེས་ཡོན་ཅན་ཚོར་དེ་བས་ཀྱང་ལས་ཀ་རན་པོ་ཞིག་མི་རག་པའི་དཀའ་ངལ་ཆེ་རུ་ཕྱིན་འདུག་ཅེས་སྙན་ཐོ་བཏོན།།
རྒྱ་ནག་དམངས་སྲིད་ལས་ཁུངས་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། ༢༠༢༢་ལོར་རྒྱ་ནག་གི་བཟའ་ཚང་ས་ཡ་༦་དང་འབུམ་༨་ལྷག་གིས་གཉེན་སྒྲིག་བྱས་ཤིང་། དེ་ནི་༢༠༢༡་ལོར་བསྡུར་ནས་བཟའ་ཚང་འབུམ་༨་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་འདུག ༢༠༡༣་ལོར་བཟའ་ཚང་ས་ཡ་༡༣.༤༧་གྱིས་གཉེན་སྒྲིག་བྱས་པ་དང་༢༠༡༩་ལོར་བཟའ་ཚང་ས་ཡ་༩.༤༧་གྱིས་གཉེན་སྒྲིག་བྱས་འདུག ༢༠༢༡་ལོར་བཟའ་ཚོང་ས་ཡ་༧.༦༤་ཡིས་གཉེན་སྒྲིག་བྱས་འདུག་ཅེས་ལོ་རེ་བཞིན་རྒྱ་ནག་གི་སྤྱི་ཚོགས་སུ་ན་གཞོན་གཉེན་སྒྲིག་བྱེད་མཁན་ཉུང་དུ་འགྲོ་བཞིན་པ་གསལ་པོར་བསྟན། རྒྱ་ནག་གི་མི་འབོར་དང་འཕེལ་རྒྱས་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་ཧེ་ཏན་(He Dan)་གྱིས་མི་གྲངས་སྐྱེ་འཕེལ་ཉུང་དུ་འགྲོ་བཞིན་འདུག རྒྱ་ནག་གི་མི་འབོར་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་ན་བུད་མེད་གཅིག་གིས་མི་ཚེ་ཧྲིལ་པོར་ཆ་མཉམ་ཕྲུ་གུ་༢.༡་སྐྱེ་དགོས། འོན་ཀྱང་རྒྱ་ནག་གི་བུད་མེད་ཚོས་མི་ཚེ་གང་པོར་ཆ་མཉམ་ཕྲུ་གུ་༡.༠༧་ལས་སྐྱེ་ཡི་མི་འདུག རྒྱ་ནག་གི་ན་གཞོན་ཚོ་བུ་ཕྲུག་གི་སློབ་ཡོན་དང་གསོ་སྐྱོང་གི་འགྲོ་གྲོན་ལ་སྐྲག་ནས་ཕྲུ་གུ་སྐྱེ་ཕོད་ཀྱི་མི་འདུག་ཅེས་བཀྲལ།།
ཕྱི་ཟླ་༧་པའི་ཚེས་༣་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ན་གཞོན་ཚོར་གཉེན་སྒྲིག་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་ཀྱང་དཔལ་འབྱོར་གྱི་དཀའ་ངལ་དང་ལས་ཀ་མ་རག་པའི་དཀའ་ངལ་སོགས་ཀྱིས་ན་གཞོན་ཚོ་ཕོ་ཧྲེང་མོ་ཧྲེང་དུ་འཚོ་གནས་བྱ་རྒྱུ། དེ་མིན་ན་གཉེན་སྒྲིག་མ་བྱས་པ་དང་ཕྲུ་གུ་ཡང་མ་སྐྱེས་པར་དགའ་རོགས་ཀྱི་ངོ་བོའི་ཐོག་ཏུ་འཚོ་བ་སྐྱེལ་རྒྱུའི་གདམ་ཀ་ལས་མི་འདུག རྒྱ་ནག་བྱང་ཕྱོགས་ཀྱི་ཧྲན་ཤི་ཞིང་ཆེན་གྱི་སློབ་གྲྭ་ཞིག་གི་དགེ་རྒན་ལོ་ན་༢༩་ལ་སོན་པའི་ཧུག་ཅིང་དབྱི་ཞེས་པ་ཞིག་གིས་ང་ལ་ཕ་མ་ཚོས་མི་༢༠་ཡས་མས་ཤིག་ངོ་སྤྲོད་བྱས་བྱུང་། ངས་གཉེན་སྒྲིག་བྱ་རྒྱུ་གལ་ཆེན་པོ་ཞིག་ལ་རྩི་ཡི་མེད། གཉེན་སྒྲིག་ནི་རང་དབང་ཡིན་པ་དང་མི་ཚང་མས་འཕྲལ་དུ་གཉེན་སྒྲིག་བྱ་དགོས་དོན་མེད་ཅེས་གསར་འགོད་པར་གླེང་མོལ་བྱས་པར་མ་ཟད། ཧུག་ཅིང་དབྱི་སྔར་བཞིན་མོ་ཧྲེང་དུ་སྡོད་འདོད་ཡོད་པའི་རྣམ་འགྱུར་བསྟན། ལོ་གསུམ་གྱི་ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་ནས་ན་གཞོན་ཚོས་གཉེན་སྒྲིག་བྱེད་མི་ཐུབ་པའི་དཀའ་ངལ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་འཆད་ཁྲིད་པ་ཡེ་ལིའུ་(Ye Liu)་ཡིས་འཇར་མན་གསར་འགྱུར་ལས་ཁང་ལ་རྒྱ་ནག་གི་སྤྱི་ཚོགས་སུ་ཕོ་མོ་དབྱེ་འབྱེད་ཀྱི་ལྟ་བ་ཤུགས་ཆེན་པོ་རེད། བུད་མེད་ལ་ཕྲུ་གུ་སྐྱེས་ན་ལས་ཀར་བར་ཆད་འབྱུང་རྒྱུའི་སྐྲག་སྣང་གིས་བུད་མེད་ལ་ལས་ཀ་སྤྲོད་དཀའ། དེས་ན་རྒྱ་ནག་གི་ན་གཞོན་མ་ཚོས་ལས་ཀ་དང་ཁྱིམ་ཚང་གཉིས་ཀྱི་གཅིག་གདམ་དགོས། ཤེས་ཚད་མཐོན་པོ་ཡོད་པའི་བུད་མེད་ཚོ་རང་བཞིན་གྱིས་གཉེན་སྒྲིག་བྱ་རྒྱུ་འཕྱི་བོ་རེད་ཅེས་སྨྲས། ལོ་ན་༢༥་ལ་སོན་པའི་རྒྱ་མོ་ཁེ་རི་སི་ཊི་ན་ཞེས་པ་ཞིག་གིས་གཉེན་སྒྲིག་ནི་དགོས་ངེས་ཤིག་མ་རེད། གཉེན་སྒྲིག་བྱས་ན་ངའི་ཆེད་ལས་ལ་བར་ཆད་འབྱུང་རྒྱུ་རེད་ཟེར། ཧྲན་ཧྲན་ཟེར་བའི་རྒྱ་མོ་ཞིག་གིས་ད་ལྟའི་འཚོ་བའི་ཡོང་འབབ་ཀྱིས་ཁྱིམ་ཚང་འཛིན་ཐུབ་ས་མ་རེད། ང་ལ་ལས་ཀ་མ་རག་པའི་སེམས་ཁྲལ་གྱིས་གཉེན་སྒྲིག་བྱ་རྒྱུ་དྲན་གྱི་མི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཞའོ་གང་ཞེས་པའི་མཉེན་ཆེས་བཟོ་བཀོད་པ་ཞིག་གིས་འཕྲུལ་རིག་ཚན་པ་ཁག་གི་ལས་མི་འཕོན་ཆེན་ཉུང་དུ་གཏོང་གི་འདུག ང་གནས་དབྱུང་གཏོང་སྲིད་པ་གཡོལ་ཐབས་སུ་ལས་ཀ་འཐོལ་པ་ལས་ཀྱི་ཡོད། གྲོགས་པོ་ཚོས་བུ་མོའི་མཉམ་དུ་འཆམ་འཆམ་ལ་འགྲོ་ཞེས་བོས་ཀྱང་ང་ལ་དེའི་སེམས་ཤུགས་མི་འདུག་ཅེས་བཤད།།
ཕྱི་ཟླ་༧་པའི་ཚེས་༡༣་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་འདིའི་ཕྱི་ཟླ་༦་པའི་ནང་དུ་རྒྱ་ནག་གི་ཕྱིར་ཚོང་སྔར་ལས་ཉམས་ཆག་ཕྱིན་པ་དང་ན་ནིང་ཕྱི་ཟླ་༥་པའི་ནང་དུ་རྒྱ་ནག་གི་ཕྱི་ཚོང་བརྒྱ་ཆ་༡༢.༤་ཡིན་ཞིང་། ད་ལོའི་ཕྱི་ཟླ་༥་པའི་ནང་དུ་རྒྱ་ནག་གི་ཕྱིར་ཚོར་བརྒྱ་ཆ་༧.༥་ལ་མར་ཆག ཕྱི་ཟླ་༦་པའི་ཕྱིར་ཚོང་བརྒྱ་ཆ་༡༠.༢་ལོན་རྒྱུའི་དམིགས་ཚད་བཟུང་བ་མ་གྲུབ། རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༡༦.༨༦་ཇེ་ཉུང་དང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་ལ་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༡༢.༢༩་ཇེ་ཉུང་། ཨ་མི་རི་ཀར་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༢༣.༧༣་ཉུང་དུ་སོང་། ཨུ་རུ་སུར་དངོས་ཟོག་ཕྱིར་ཚོང་བརྒྱ་ཆ་༩༠.༩༣་མང་དུ་ཕྱིན་འདུག་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་མི་དམངས་ཀྱིས་དངུལ་སྒོར་འགྲོ་གྲོན་བཏང་ནས་དཔལ་འབྱོར་སླར་གསོ་ཐུབ་རྒྱུའི་རེ་ལྟོས་བཅངས་ཀྱང་དེ་ལ་འབྲས་བུ་སྨིན་རྒྱུ་ཡིན་མིན་ཐེ་ཚོམ་དུ་གྱུར། ༢༠༢༣་གྱི་ལོ་སྨད་ཟླ་བ་༦་གི་རིང་རྒྱ་ནག་གི་ཕྱིར་ཚོང་མུ་མཐུད་དུ་ཉམས་རྒུད་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག