༄༅།། ཕྱི་ཟླ་༥་པའི་ཚེས་༩་ནི་ཨུ་རུ་སུར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ནཱ་ཛི་འཇར་མན་ཎི་ལས་རྣམ་པར་རྒྱལ་བའི་དུས་དྲན་ཡིན་ཞིང་། དེ་ནི་ཨུ་རུ་སུའི་ལོ་ཐོའི་ནང་གི་དུས་ཆེན་བླ་ན་མེད་པ་དེར་བརྩི་ཆོག ཕྱི་ཟླ་༥་པའི་ཚེས་༡༠་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉམས་ཞིབ་པ་ཚོས་ལོ་འདིའི་གཡུལ་རྒྱལ་དུས་དྲན་ཉིན་ཨུ་རུ་སུར་ལྕགས་ཁྲབ་འཁོར་ལོ་གཅིག་ལས་དམག་གི་རུ་སྒྲིག་ཁོངས་སུ་སྟོན་རྒྱུ་མེད་པ་ནི་ངོ་ཚོ་དགོས་པ་ཞིག་རེད། གཟའ་མིག་དམར་ཉིན་ཚུགས་པའི་ཨུ་རུ་སུའི་གཡུལ་རྒྱལ་དུས་དྲན་ཉིན་ཡུཀ་རེན་གྱི་གཏོར་རྒོལ་འབྱུང་སྲིད་པའི་སྐྲག་སྣང་བྱུང་། ཨུ་རུ་སུའི་དམག་གི་གོ་མཛོད་ཁག་སྟོང་པར་གྱུར་ཡོད་པའི་རྣམ་པ་ཞིག་མངོན། རྒྱལ་ས་མོ་སི་ཀོའི་ཐང་ཆེན་དམར་པོར་ལོ་༨༠་ཡས་མས་ཤིག་གི་སྔོན་དུ་བཟོས་པའི་ལྕགས་ཁྲབ་འཁོར་ལོ་རྙིང་པ་ཞིག་གིས་སྣེ་ཁྲིད་པའི་འཐབ་འཁོར གྱི་རུ་སྒྲིག་ཅིག་བྱ་དགོས་བྱུང་བར་མི་རྣམས་ཧང་སང་། ཨུ་རུ་སུའི་གྲོང་ཁྱེར་༢༠་ཐམ་པར་གཡུལ་རྒྱལ་དུས་དྲན་ཚུགས་ཐུབ་མེད་པའི་གནས་ཚུལ་ཐོན་འདུག
འདས་པའི་ལོ་བཅུ་ཕྲག་མང་པོར་ཨུ་རུ་སུའི་གཡུལ་རྒྱལ་དུས་དྲན་ཉིན་དཔུང་སྡེ་འདྲ་མིན་གྱི་དམག་མི་སྟོང་ཕྲག་མང་པོ་རུ་བསྒྲིགས། མཁའ་དབྱིངས་སུ་འཐབ་འཛིང་དང་མདེལ་འཕེན་གནམ་གྲུ་རྣམས་འཕུར། ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་འཐབ་འཁོར་བརྒྱ་ཕྲག་མང་པོ་རུ་ཕྲེང་བསྒྲིགས། སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གི་མཚོན་ཆ་གསར་པ་དང་རྡུལ་ཕྲན་འཕུར་མདེལ་སོགས་ངོམ། ༢༠༢༣་ལོའི་གཡུལ་རྒྱལ་དུས་དྲན་ཉིན་ཨུ་རུ་སུའི་དུས་ཆེན་དེ་སྟབས་བདེ་དང་རྒྱས་སྤྲོས་མེད་པར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཞུས། ཉིན་དེར་སི་ཏ་ལིན་གྱི་དུས་སྐབས་སུ་བཟོས་པའི་ལྕགས་ཁྲབ་འཁོར་ལོ་གཅིག་ལས་སྟོན་རྒྱུ་མེད་པར་རྒྱལ་ཁབ་ཕྱི་ནང་གི་མི་མང་རྣམས་ཡ་མཚན་སྐྱེས། ལོ་གཅིག་གི་སྔོན་དེར་འཛམ་གླིང་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་གི་སྟོབས་ཤུགས་ལ་འཇིགས་སྣང་བྱ་དགོས་པ་ཞིག་ཏུ་གྱུར། ད་ལྟ་ལོ་གཅིག་ལྷག་གི་རྗེས་སུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་གསར་པ་དང་འཐབ་འཁོར་གསར་པ་རྣམས་གཏོར་བཤིག་ཐེབས་ཟིན་པ་ངོ་འཕྲོད།།
ཨེ་ཊི་ལན་ཊིཀ་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཕི་ཊར་ཌི་ཀིན་སན་གྱིས་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་དམག་གི་སྟོབས་ཤུགས་དེ་འདྲ་ཞིག་ཉམས་ཟིན་པ་ནི་བློ་ཡུལ་ཤོང་དཀའ། ཕུ་ཊིན་གྱིས་ལོ་བཅུ་ཕྲག་༢་ལ་ཨུ་རུ་སུའི་དམག་དཔུང་དེང་རབས་ཅན་དུ་བསྒྱུར། ཁོ་པས་གཡུལ་རྒྱལ་དུས་དྲན་ཉིན་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་གསར་པ་རྣམས་དམག་གི་རུ་སྒྲིག་ཁོངས་སུ་བསྟན། གཟའ་འཁོར་འདིར་ཕུ་ཊིན་ལ་ཨུ་རུ་སུ་དམར་ཤོག་གི་དུས་ཀྱི་T-34་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་གཅིག་ལས་སྟོན་རྒྱུ་མི་འདུག ལྕགས་ཁྲབ་འཁོར་ལོ་སྟོན་རྒྱུ་མེད་པ་དེས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་དང་ཇུས་ཉེས་ཚབས་ཆེན་བྱུང་བ་མཚོན་ཐུབ་ཅེས་བཀྲལ། གཟའ་ལྷག་པའི་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཀྱང་ཨུ་རུ་སུའི་གཡུལ་རྒྱལ་དུས་དྲན་གྱི་མཛད་སྒོ་དེ་གཞི་རྒྱ་ཆུང་བ་དང་དམག་མི་ཉུང་བ། ཕུ་ཊིན་གྱིས་དཔུང་སྟོབས་ངོམ་ཐུབ་མེད་པ་བཅས་ཀྱིས་ཨུ་རུ་སུས་ལོ་གཅིག་ལྷག་ལ་དམག་འཁྲུག་བརྒྱབ་ནས་མི་རྒྱུ་གཉིས་ཀ་ཟད་ཟིན་ཡོད་པ་ཤེས་རྟོགས་ཐུབ་ཅེས་དཔྱད་བརྗོད་སྤེལ།།
སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཕྱི་ཟླ་༥་པའི་ཚེས་༩་ཉིན་ཨུ་རུ་སུའི་གཡུལ་རྒྱལ་དུས་དྲན་ལ་དམག་མི་༨༠༠༠་ལྷག་གིས་རུ་སྒྲིག་བྱས། ཁོ་ཚོ་མང་ཆེ་བ་ནི་རྒྱབ་གནོན་དམག་དཔུང་དང་ཡུལ་དམག དམག་དོན་སློབ་གྲྭ་ཁག་གི་སློབ་ཕྲུག་ཡིན་པ་དང་འཐབ་འཁྲུག་ལ་ཞུགས་ཐུབ་པའི་དཔུང་སྡེ་གཉིས་ཡོད་པ་ནི་ཨུ་རུ་སུའི་དམག་གི་ཉེན་རྟོག་པ་དང་ལྕགས་ལམ་དཔུང་སྡེ་རེད་ཅེས་བསྟན། སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་གནས་ཚུལ་དེ་ཚོ་བདེན་པ་ཡིན་མིན་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་། ཉེ་ཆར་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་ཁང་པའི་ཐོག་ཏུ་ཁ་ལོ་བ་མེད་པའི་འཕུར་གྲུ་ཞིག་གི་གཏོར་རྒོལ་ཕོག་གྲབས་བྱུང་། དེར་བརྟེན་ཨུ་རུ་སུའི་གཞུང་གིས་ལོ་འདིའི་གཡུལ་རྒྱལ་དུས་ཆེན་སྟབས་བདེ་ཞིག་ཚོགས་པ་ཡིན། ཨ་རི་དང་ཡུཀ་རེན་གཏོར་རྒོལ་དེའི་རྒྱབ་ཏུ་འདུག་ཅེས་ནག་ཉེས་བཙུགས་ཀྱང་ཨ་ཡུཀ་གཉིས་ཀྱིས་ཁས་མ་བླངས།།
ཕྱི་ཟླ་༥་པའི་ཚེས་༡༠་ཉིན་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་གཡུལ་རྒྱལ་དུས་དྲན་གྱི་མཛད་སྒོར་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དང་བྷེ་ལ་རུ་སི། ཨར་མཱེ་ཎི་ཡ་བཅས་ཀྱི་སྲིད་དོན་པ་ཁག་ཅིག་གདན་དྲངས། ཁོ་ཚོ་ཨུ་རུ་སུའི་རྒྱབ་རྩར་ལངས་ཏེ་ནུབ་ཕྱོགས་ལ་ཁ་གཏད་གཅོག་གི་ཡོད་པའི་རྣམ་པ་སྟོན་ཐབས་བྱས་ཀྱང་སྐུ་མགྲོན་དེ་ཚོར་སྤྲོ་བ་འཕེལ་ཡོད་པའི་རྣམ་པ་ཞིག་མ་ཐོན། ཕུ་ཊིན་གྱིས་གཡུལ་རྒྱལ་དུས་དྲན་ཉིན་མང་ཚོགས་ནས་ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱ་བའམ། ཡང་ན་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་རྣམས་ཀྱི་འདྲ་པར་ཁྱེར་ནས་ཁྲོམ་སྐོར་ལ་ཞུགས་སྲིད་པར་སྐྲག ད་དུང་ཡང་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་དམག་འཁྲུག་དེར་དམིགས་བསལ་དོན་ལས་འགུལ་ཞེས་འབོད། གཡུལ་རྒྱལ་དུས་དྲན་གྱི་གཏམ་བཤད་སྐབས་སུ་ཕུ་ཊིན་གྱིས་དམག་འཁྲུག་ངོ་མ་དེ་ང་ཚོའི་མེས་རྒྱལ་ལ་རྒྱག་གི་འདུག་ཅེས་གླེང་། ཁོ་པས་དམག་དྲངས་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་དམག་འཁྲུག་བསླངས་པར་ལོག་འགྲེལ་མུ་མཐུད་དུ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༥་པའི་ཚེས་༡༠་ཉིན་ཨུ་རུ་སུའི་ཕྱི་ལོགས་སུ་འགྲེམ་སྤེལ་བྱེད་ཀྱི་ཡོད་པའི་མོ་སི་ཀོ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཡུལ་རྒྱལ་དུས་དྲན་ཉིན་ཕུ་ཊིན་གྱི་གཡས་གཡོན་དུ་བསྡད་ཡོད་པའི་དམག་ཞབས་ཟུར་པ་དེ་དག་འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཁྲུག་ལ་དངོས་སུ་ཞུགས་མྱོང་མེད་ཅིང་། ཕུ་ཊིན་གྱི་གཡས་ཕྱོགས་སུ་བསྡད་ཡོད་པའི་རྒད་པོ་ལོ་ན་༩༨་ཅན་དེ་ཡུ་རི་ཌ་ཝོ་ཡེ་ཀིན་རེད། ཁོ་པ་གསང་ཉུལ་ཟུར་པ་ཞིག་ཡིན་པ་དང་༡༩༤༢་ལོར་དམག་ཁོངས། ༡༩༤༤་ལོར་ཡུཀ་རེན་གྱི་ནུབ་ཕྱོགས་སུ་ཆགས་པའི་ལེ་ཝི་གྲོང་དུ་བཏང་སྟེ་ཡུཀ་རེན་གྱི་གྱེན་ལོག་འཇབ་དམག་རྣམས་ལྐོག་གསོད་ཀྱི་ལས་འགན་བསྒྲུབས། ཕུ་ཊིན་གྱི་གཡོན་ཕྱོགས་སུ་བསྡད་ཡོད་པའི་མི་དེ་KGB་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཟུར་པ་གྷ་ན་ཌི་ཛ་ཡེ་ཚེབ་རེད། ཁོ་པ་༡༩༣༤་ལ་སྐྱེས་པ་དང་༡༩༦༨་ལོར་ཕུ་རག་གི་གྱེན་ལོག་ཞོད་འཇགས་གཏོང་བར་མངགས། ཛེ་ཡེ་ཚེབ་ཀྱིས་འགོ་ཁྲིད་པའི་KGB་གསང་བའི་ལས་ཁུངས་ཀྱི་དཔུང་སྡེ་༧་པས་ཆེག་སི་ལ་ཝ་ཀི་ཡའི་ནང་སྲིད་ལྷན་ཁང་ལ་དཔུང་འཇུག་བྱས་པ་རེད་ཅེས་ཐེར་འདོན་བྱས་འདུག
ཨེ་ཊི་ལན་ཊིཀ་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཌི་ཀིན་སན་གྱིས་བཤད་པ་ལྟར་ན། ཨུ་རུ་སུའི་གཡུལ་རྒྱལ་དུས་དྲན་ཉིན་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་བསད་པའི་དམག་མི་འདས་པོ་རྣམས་ཀྱི་ཤུལ་ལུས་ཚོས་སྔོན་གཤེགས་དཔའ་བོ་དེ་དག་གི་འདྲ་པར་དང་མེ་ཏོག་བཟུང་། ཁོ་ཚོས་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་དང་རྒྱལ་གཅེས་རིང་ལུགས་ཀྱི་ལས་འགུལ་སྲོལ་ཡོད་མོད། འོན་ཀྱང་༢༠༢༣་ལོར་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་དམག་མི་འདས་པོ་རྣམས་ཀྱི་བཟའ་མི་ཚོས་དམག་འཁྲུག་ལ་ངོ་རྒོལ་བྱ་རྒྱུའི་ཉེན་ཁ་ཕྲད། ཕུ་ཊིན་གྱིས་གཡུལ་རྒྱལ་དུས་ཆེན་ཉིན་དམག་སྐུལ་དང་དུས་དྲན་གྲ་རྒྱས་ཤིག་ཚོགས་མ་ཐུབ་པ་དེ་ཕམ་ཉེས་ཆེན་པོ་ཞིག་རེད། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་སྔར་བཞིན་རང་དམག་ལ་ཕམ་ཉེས་བྱུང་མེད་ཅེས་དོན་དངོས་ལ་བསྙོན་གྱི་ཡོད་པ་གསལ་སྟོན་བྱས་འདུག ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་གཡུལ་རྒྱལ་དུས་དྲན་སྐབས་སུ་མཚོན་ཆ་ངོམ་རྒྱུ་མེད་པར་ཁག་མེད། ཨུ་རུ་སུའི་དེང་རབས་ཅན་གྱི་མཚོན་ཆ་ཚང་མ་འཚིག་རོར་གྱུར་ནས་ཡུཀ་རེན་གྱི་འགྲེམ་སྟོན་ཁང་དེ་དག་གི་ནང་དུ་བཤམས་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།
སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་རྒྱལ་ཕྲན་ཁག་གིས་ཀྱང་ཕྱི་ཟླ་༥་པའི་ཚེས་༩་ཉིན་གཡུལ་རྒྱལ་དུས་དྲན་སྲུང་བརྩི་ཞུ་བའི་ལམ་སྲོལ་ཞིག་དར། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཕྱི་ཟླ་༥་པའི་ཚེས་༩་ཉིན་གཡུལ་རྒྱལ་དུས་དྲན་སྲུང་བརྩི་ཞུ་རྒྱུ་མིན། ཡུཀ་རེན་གྱིས་ལོ་ལྟར་ཕྱི་ཟླ་༥་པའི་ཚེས་༨་ཉིན་རྗེས་དྲན་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན། ད་ནས་ཡུཀ་རེན་གྱི་ཕྱི་ཟླ་༥་པའི་ཚེས་༩་དེ་ཡུ་རོབ་ཀྱི་ཉིན་མོར་སྲུང་བརྩི་ཞུ་དགོས། ང་ཚོ་ཡུ་རོབ་རྒྱལ་ཁབ་ཐུན་མོང་གིས་ནཱ་ཛི་རིང་ལུགས་དང་རུ་སིའི་རིང་ལུགས་གཉིས་ཕམ་པར་བརྒྱབ་སྟེ་ཡུ་རོབ་གཅིག་གྱུར་བྱུང་བའི་ལོ་རྒྱུས་ལ་རྗེས་དྲན་ཞུ་དགོས་ཞེས་ཁྲིམས་གཞི་ཞིག་ཟིན་བྲིས་བཏབ་ནས་གྲོས་ཚོགས་སུ་ཕུལ། སྲིད་འཛིན་ཛེ་ལན་སི་ཀིས་རུ་སིའི་རིང་ལུགས་ཞེས་པ་ནི་ཨུ་རུ་སུའི་ཧྥ་ཤི་སི་རིང་ལུགས་ལ་གོ་དགོས། སྔ་ལོ་བཙན་འཛུལ་བྱུང་བའི་རྗེས་སུ་ཡུཀ་རེན་རྒྱལ་ཡོངས་སུ་ཆོས་སྡེ་ལོགས་སུ་བཙུགས། ཨུ་རུ་སུའི་ཡེ་ཤུའི་ཆོས་རྒྱུད་ཀྱི་ལམ་སྲོལ་ལྟར་སྟོན་པ་ཡེ་ཤུའི་འཁྲུངས་སྐར་སྲུང་བརྩི་མ་ཞུས་པར་ཡུ་རོབ་ལ་བསྟུན་ནས་ཕྱི་ཟླ་༡༢་པའི་ཚེས་༢༥་ཉིན་ཡུཀ་རེན་རྒྱལ་ཡོངས་སུ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་སྲུང་བརྩི་ཞུ་མཁན་མང་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག