སྤྱི་ལོ་༡༩༥༩ ལོར་ཨ་རིའི་སྲིད་འཛིན་ཟུར་པ་ཨའེ་སེན་ཧའོ་ཝར་ལགས་དམ་པ་དེས་ཁྲིམས་ལུགས་གཏན་འབེབས་ཀྱིས་བྲན་གཡོག་ཏུ་བཀོལ་བའི་མི་རིགས་ཀྱི་ལྷན་ཚོགས་ཞེས་པ་གསར་འཛུགས་གནང་སྟེ། ལོ་ལྟར་སྤྱི་ཟླ་བདུན་པའི་གཟའ་འཁོར་ཨང་གསུམ་པ་དེ་བྲན་གཡོག་ཏུ་བཀོལ་བའི་མི་རིགས་ཚོའི་བདུན་ཕྲག་ཅེས་པའི་དུས་དྲན་གྱི་དུས་ཚོད་ངེས་ཅན་ཞིག་ཏུ་གཏན་ཁེལ་གནང་ཡོད་ཅིང་། དུས་དྲན་དེ་ནི་མང་ཚོགས་ཀྱིས་དམར་པོའི་རིང་ལུགས་དང་དམངས་གཙོ་མ་ཡིན་པའི་སྲིད་དབང་གིས་གྲངས་ཉུང་མི་རིགས་ཚོར་བཙན་གནོན་བྱེད་པའི་གནས་ཚུལ་སྐོར་ཤེས་རྟོགས་གསལ་པོ་ཡོང་ཆེད་དམིགས་པ་ཞིག་རེད། ལོ་འདིའི་དུས་དྲན་དེ་དང་སྟབས་བསྟུན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་ཡོད་པའི་ཤར་ཏུར་ཀི་སི་ཐན་བཙན་བྱོལ་གཞུང་གིས་ཨ་རིའི་གཞུང་དང་གྲོས་ཚོགས་ལ་ཤར་ཏུར་ཀི་སི་ཐན་ནི་རྒྱ་ནག་དམར་ཤོག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་གནང་དགོས་ཞེས་རེ་སྐུལ་བྱས་འདུག
སྤྱིར་ཤར་ཏུར་ཀི་སི་ཐན་ཞེས་པའི་ཐ་སྙད་དེ་ནི་རང་དབང་ལུང་པའི་ནང་གནས་སྡོད་བྱེད་མཁན་མང་པོས་རྒྱ་ནག་མངའ་འོག་གི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཞེས་པར་འབོད་པའི་ཐ་སྙད་ཅིག་ཡིན་ཡང་། རྒྱ་ནག་ནང་ཁུལ་དུ་ཡུ་གུར་བ་ཚོས་མིང་འདི་བེད་སྤྱོད་བཏང་ན་རྒྱལ་ཁབ་ཁ་བྲལ་གཏོང་རྩིས་བྱེད་པའི་ཉེས་འཛུགས་ཕོག་རྒྱུ་ངེས་གཏན་ཡིན་པ་རེད།
ཤར་ཏུར་ཀི་སི་ཐན་བཙན་བྱོལ་གཞུང་གི་སྣེ་ཡོད་མི་སྣ་སཱ་ལི་ཧུ་ཌ་ཡར་གྱིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ། ཨ་རིས་ཤར་ཏུར་ཀི་སི་ཐན་ནི་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་གྱིས་ཡུ་གུར་བ་ཚོར་རྒྱབ་སྐྱོར་ཤུགས་ཆེ་རུ་གཏང་དགོས། དེ་ལྟར་བྱས་ན་རྒྱ་ནག་གཞུང་གིས་ཁ་ཆེ་ཡུ་གུར་བར་མི་རིགས་རྩ་མེད་གཏོང་བཞིན་པའི་གནད་དོན་སེལ་རྒྱུར་ཕན་ཐོགས་ཡོད་པ་དང་། གནད་དོན་དེའི་རྐྱེན་རྩ་གཙོ་བོ་ནི་རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་བཙན་བཟུང་བྱས་ནས་ད་ཆ་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཆགས་ཡོད་པ་དེར་ཐུག་ཡོད་ཅེས་བརྗོད་འདུག དེ་ཡང་ཤར་ཏུར་ཀི་སི་ཐན་ནི་ལོ་རྒྱུས་ཐོག་རང་དབང་རང་བཙན་གྱི་རྒྱལ་ཁབ་གཙང་མ་ཞིག་ཡིན་པར་ཁུངས་སྐྱེལ་ར་སྤྲོད་ཆེད་དུ་ད་ལན་ཤར་ཏུར་ཀི་སི་ཐན་བཙན་བྱོལ་གཞུང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ལས། སྤྱི་ལོ་༡༩༤༤ ལོར་གསར་འཛུགས་བྱས་ཟིན་པའི་ཤར་ཏུར་ཀི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་སྤྱི་ལོ་༡༩༤༩ ལོའི་སྤྱི་ཟླ་༡༠ པའི་ཚེས་༡༢ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱས་ཏེ་ལོ་དེའི་སྤྱི་ཟླ་༡༢ པའི་ཚེས་༢༢ ཉིན་སྲིད་དབང་མགོ་རྟིང་སློག་བཅུག་ཡོད་པ་དང་། དེ་ནས་སྤྱི་ལོ་༡༩༥༥ ལོར་དམར་ཤོག་ཨུ་རུ་སུའི་རྒྱབ་སྐྱོར་འོག རྒྱ་ནག་དམར་ཤོག་ཚོགས་པས་ཤར་ཏུར་ཀི་སི་ཐན་གྱི་སྤྱི་མཐུན་རྒྱལ་ཁབ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོངས་སུ་བཅུག་ནས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཞེས་མིང་བཏགས་ཏེ། བཙན་བཟུང་བྱས་པའི་ས་ཆ་དེ་ཁྲིམས་མཐུན་ཅན་དུ་སྒྱུར་ཐབས་བྱས་ཡོད་པ་རེད་ཅེས་འཁོད་འདུག
ཝ་ཤིན་ཊོན་དུ་གནས་འཁོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཕེན་ཡུས་ཀྱིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ། རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་བཙན་བྱོལ་གཞུང་ནི་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་ལས་ཁུངས་དང་མཐར་ལྷུང་ཅན་གྱི་ཚོགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཚོགས་པ་དེས་ཤར་ཏུར་ཀི་སི་ཐན་རྒྱལ་ཁབ་བམ་ཡང་ན་ཤིན་ཅང་གི་རང་བཙན་ཐོབ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
ཨ་རིའི་གཞུང་གིས་རྒྱ་ནག་གིས་ཁ་ཆེ་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ཐོག་ལ་མི་ཆོས་ལས་འདས་པའི་ནག་ཉེས་དང་མི་རིགས་རྩ་མེད་བཟོ་བའི་བྱ་སྤྱོད་སྤེལ་གྱི་ཡོད་པར་ངོས་འཛིན་བྱས་ཡོད་ཅིང་། ངོས་འཛིན་དེ་ནི་རྒྱ་གཞུང་གིས་ངལ་རྩོལ་བཙན་སྐུལ་དང་། གང་བྱུང་བཙོན་འཇུག བཙན་དབང་གིས་མངལ་བཀོག་འཇུག་པ། ཀླད་བཀྲུས་སློབ་གསོའི་ལས་འགུལ་སྤེལ་བ་སོགས་ཀྱི་དཔང་རྟགས་མང་པོར་གཞི་བཅོལ་ནས་ཐོབ་པའི་གྲུབ་དོན་ཞིག་རེད། ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་དམར་པོའི་རིང་ལུགས་འོག་ལ་སྡུག་སྦྱོང་མྱངས་མྱོང་མཁན་གྱི་དྲན་རྟེན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་དང་འགན་འཛིན་ཨེ་རི་ཀི་ཕ་ཊར་སོན་Eric Patterson གྱིས། རྒྱ་ནག་གིས་ཡུ་གུར་བ་དང་གྲངས་ཉུང་མི་རིགས་གཞན་ཁག་དང་ཆོས་ལུགས་གྲངས་ཉུང་ཚོགས་པ་ཁག་ལ་འཆར་གཞི་དང་མ་ལག་དང་ལྡན་པའི་ཐོག་ནས་མནར་གཅོད་གཏོང་བཞིན་པའི་ཚད་དེ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད་ཅེས་གསལ་སྟོན་བྱས་ཏེ། ཁོང་གིས། ཨ་རི་དང་རྒྱལ་ཁབ་གཞན་གྱི་མི་སེར་དང་དམངས་ཁྲོད་ཚོགས་པ་ཁག་གིས་རྒྱ་ནག་ནས་གྱོན་ཆས་དང་། ལྷམ། གློག་ཆས་སོགས་ཉོ་སྒྲུབ་བྱ་རྒྱུ་མཚམས་བཞག་ནས་ཡུ་གུར་བར་རྒྱབ་སྐྱོར་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། མི་རྣམས་ལ་ཡུ་གུར་བ་ཚོ་སྡུག་སྦྱོང་མྱོང་བཞིན་པའི་གནས་སྟངས་སྐོར་གོ་རྟོགས་སྤེལ་ཐུབ་ཀྱི་ཡོད་པ་རེད། དེ་དང་དུས་མཚུངས་སུ། ཁོ་ཚོས་ཨ་རིའི་ཚོང་ལས་ཁང་དང་ཨ་རིའི་གཞུང་ལ་རྒྱ་ནག་གི་དཔལ་འབྱོར་ལ་གདོང་ལེན་བྱེད་ཕྱོགས་དང་ཉེས་ཆད་གཅོད་པའི་ཚོང་འབྲེལ་ལམ་ལུགས་གཞན་ཞིག་འཚོལ་ཐབས་བྱ་དགོས་པའི་རེ་འདུན་འདོན་ཆོག་གི་རེད། དེ་བཞིན་ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གཞུང་གིས་སོ་སོའི་མི་སེར་ཚོར་སྡུག་སྦྱོང་གཏོང་བཞིན་པའི་དཔང་རྟགས་མང་པོ་དུས་བཀག་གསལ་སྟོན་གྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དགོས་ཀྱི་རེད་ཅེས་བརྗོད་འདུག
དེ་བཞིན་ཧུ་ད་ཡར་Hudayar གྱིས། ཨ་རི་ལ་རྒྱ་ནག་གི་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་འགོག་རྒོལ་བྱ་དགོས་པའི་རེ་འབོད་ཞུས་ཏེ། གནད་དོན་དེའི་རིགས་ལ་གདོང་ལེན་ཆེད་དུ། ཨ་རིས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པ་ལྟར། ཁ་ཆེ་ཡུ་གུར་བའི་རིག་གནས་ལ་སྲུང་སྐྱོབ་དང་ཤེས་ཡོན་སློབ་གསོ་ཐད་ནས་རོགས་སྐྱོར་གྱི་ལས་གཞི་སྤེལ་ཆོག་གི་ཡོད་པར་མ་ཟད། ཤར་ཏུ་ཀི་སི་ཐན་གྱི་ལོ་རྒྱུས་ཁྱབ་སྤེལ་བཏང་ནས་ཤར་ཏུར་ཀི་སི་ཐན་དེ་བཞིན་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པར་ངོས་ལེན་བྱ་དགོས་ཞེས་རེ་སྐུལ་བྱས་འདུག ཁོང་གིས་ད་དུང་ཨ་རིའི་གྲོས་ཚོགས་གོང་མས་དེ་སྔར་གྲོས་ཚོགས་འོག་མས་གཏན་འབེབས་བྱས་ཟིན་པའི་ཁ་ཆེ་ཡུ་གུར་བའི་སྲིད་ཇུས་ཁྲིམས་འཆར་དེ་བཞིན་གང་མགྱོགས་ཁྲིམས་ལུགས་སུ་གཏན་འབེབས་ཡོང་རྒྱུར་རེ་སྐུལ་ཞུས་འདུག ཁྲིམས་འཆར་དེས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཁ་ཆེ་ཡུ་གུར་གྱི་གནད་དོན་ཐོག་ཨ་རིའི་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་བྱ་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད།
སྤྱི་ཟླ་༧ པའི་ཚེས་༡༨ རེས་གཟའ་ཕུར་བུའི་ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་དེ་དོན་ལན་འདེབས་བྱས་གསལ་དུ། ཨ་རིས་མུ་མཐུད་དུ་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་དང་མཉམ་དུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་དཔལ་འབྱོར་ཉེས་ཆད་གཅད་རྒྱུ་དང་འབྲེལ་ཡོད་དམར་ཤོག་དཔོན་རིགས་ཚོ་ལ་ཨ་རིའི་ཐོངས་མཆན་བཀག་སྡོམ་བྱེད་པའི་ཐབས་ལམ་སོགས་བརྒྱུད་ནས་གནོན་ཤུགས་སྤྲད་དེ། རྒྱ་ནག་གི་དབང་འཛིན་པ་ཚོས་ཁ་ཆེ་ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ཐོག་ལ་སྤེལ་བཞིན་པའི་མི་རིགས་རྩ་མེད་དང་། མི་ཆོས་ལས་འདས་པའི་ནག་ཉེས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་བྱ་སྤྱོད་ཡོད་ཚད་གང་མགྱོགས་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
གླེང་སྟེགས།