ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༢༣

རྒྱ་ནག་གིས་མི་མང་ལ་གསང་ཉུལ་བ་འཛིན་དགོས་པའི་སྐུལ་སློང་།


རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ལ་གསང་ཉུལ་བ་བཟུང་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་ཞེས་སྐུལ་སློང་དང་། ཆེད་དོན་རྒྱུད་ལམ་བཟོས་ནས་གསང་ཉུལ་བའི་གཏམ་སྤྱོད་ཐེར་འདོན་བྱེད་ཚེ་ངོས་འཛིན་གཟེངས་རྟགས་དང་དངུལ་གྱི་བྱ་དགའ་ཡོད་པའི་གསལ་བསྒྲགས་ཤིག་བསྐྱངས་ཤིང་། དེ་ཡིས་ཕྱི་ནང་མི་རིགས་མང་པོར་བློ་འཚབ་དང་འཇིགས་སྣང་སྐྱེས་སུ་བཅུག་འདུག

གཟའ་མིག་དམར་ཏེ་ཟླ་༨་པའི་ཚེས་༢་ཉིན་ལ་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་སྐད་འཕྲིན་རྒྱབ་ལྗོངས་སུ་གསང་ཉུལ་གྱི་ལས་ཀ་ནི་གསང་བ་དང་ཆེད་ལས། ཉེན་ཁ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཅིག་ཡིན་པས། རྒྱལ་ཁབ་བདེ་འཇགས་མི་སྣས་གསང་ཉུལ་བར་རྒོལ་བར་ནུས་པ་འདོན་དགོས་ཤིང་། དེའི་ནང་མང་ཚོགས་མཉམ་ཞུགས་ཀྱིས་རྒྱལ་སྐྱོང་དམངས་བདེ་ལ་འབད་བརྩོན་བྱེད་དགོས་ཞེས་འཁོད་འདུག འདི་ནི་རྒྱ་ནག་གཞུང་གིས་གསར་ཉུལ་ལས་དོན་ལ་རྒོལ་བའི་ཁྲིམས་ཤིག་སྤྱི་ཟླ་༧་ཚེས་༡་ནས་ལག་བསྟར་བྱེད་རྗེས་མང་ཚོགས་ལ་སྐུལ་སློང་བྱེད་པ་ཞིག་ཡིན་ལ། གསང་ཉུལ་བ་འཛིན་ཐབས་དང་ཐེར་འདོན་བྱེད་རྒྱུ་སོགས་རྒྱ་ནག་མི་མང་གི་ཉིན་རེའི་འཚོ་བའི་ནང་ལ་ཆེས་རྒྱུན་ལྡན་ཞིག་ཏུ་གཏོང་དགོས་ཞེས་གཟའ་ཟླ་བའི་ཉིན་ལ་རྒྱལ་སྲུང་ལྷན་ཁང་གི་སྐད་འཕྲིན་ཐད་གཏོང་རྒྱུད་དེ་མང་ཚོགས་ལ་སྐུལ་སློང་བྱེད་ཡོད།

གསང་ཉུལ་བར་རྒོལ་བའི་ཁྲིམས་དེའི་ནང་གསང་ཉུལ་བ་དང་འབྲེལ་བའི་གྱོད་དོན་རྩད་གཅོད་སྐབས་སུ་བརྡ་འཕྲིན་ཡིག་ཆ་དང་ཐོ་གཞུང་། གློག་འཕྲིན་དང་མི་སྒེར་བའི་རྒྱུ་ནོར་ཡིག་ཆ་སོགས་ཚང་མ་བསྔོག་ཆོག་པའི་ཆོག་མཆན་ཡོད་འདུག རྒྱ་ནག་རྒྱལ་སྲུང་བློན་ཆེན་ཁྲིན་ཡི་ཞེན་གྱིས་སྤྱི་ཟླ་༧་པར་རྒྱ་ནག་གི་ཁྲིམས་ལུགས་དུས་དེབ་སྟེང་ལ་ཆེད་རྩོམ་ཞིག་སྤེལ་ནས། ཆབ་སྲིད་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ལས་གལ་ཆེ་ཤོས་དེ་ཡིན་པ་དང་ཆབ་སྲིད་བདེ་འཇགས་ཀྱི་གནད་འགག་ཐུག་ས་དེ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་བདེ་འཇགས་ཡིན་པར་བྲིས་ཡོད་པ་སྟེ། ཁོས་གཞི་རྩ་གལ་ཆེ་ཤོས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་དང་གཞུང་སྲིད་གོ་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཞེས་བྲིས་འདུག

རྒྱ་ནག་གཞུང་གིས་གསང་ཉུལ་བར་རྒོལ་བའི་ཁྲིམས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ཚུལ་བྲིས་ཡོད་པ་ལས་ཁ་གསལ་བོ་ཞིག་བཤད་མེད་ཀྱང་། ཁྲིམས་འདི་ཡིས་རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་བཟོ་ཚོང་ཁང་ཁག་ལ་རྒྱུན་ལྡན་ཚོང་ལས་བྱེད་སྒོའི་བར་ནས་ཀྱང་ཉེས་ཆད་ཕོག་སྲིད་པར་ཨ་རིས་ཚོད་དཔག་བྱེད་བཞིན་པ་རེད། དེ་མིན་ཁྲིམས་འདི་བསྒྲགས་པ་དང་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་གསར་འགོད་པ་མང་པོས་ངོ་རྒོལ་དང་བློ་འཚབ་ཀྱི་བགྲོ་གླེང་བྱེད་བཞིན་འདུག དེ་ཚོའི་ནང་དུ་རྒྱ་ནག་ལ་གདོང་ལེན་བྱེད་པའི་འཐབ་ཇུས་ཚོགས་པ་ Strategy Risks ཡི་འགན་འཛིན་དང་དེ་སྔོན་རྒྱ་ནག་གནས་སྡོད་གསར་འགོད་པ་ཟུར་བ་ Isaac Stone Fish ཡིས། ང་ལ་ཞེད་སྣང་ཡོང་གི་འདུག རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་གསང་ཉུལ་ལས་དོན་ལ་རྒོལ་བར་མི་མང་མཉམ་ཞུགས་བྱེད་དགོས་པའི་ཐབས་ལམ་འདི་ཡིས་མི་རྣམས་ལ་མི་གཞན་དང་ཕྱི་རྒྱལ་གྱི་མི་ལ་དོགས་སོན་ལྟ་རྟོག་བྱེད་དུ་བཅུག་པ་མ་རེད་དམ། འདི་ངོ་མ་ཞེད་སྣང་ཚ་བོ་རེད་ཅེས་བྲིས་འདུག ཡང་མི་མང་པོ་ཞིག་གིས་རྒྱ་ནག་མ་རྩ་འཛུགས་རྒྱུ་ཁག་པོ་འགྱུར་རྒྱུ་དང་ཡང་རྒྱ་ནག་ནང་གི་ཚོང་བ་ཚོས་ཕྱི་རྒྱལ་གྱི་མ་རྩ་ལེན་རྒྱུ་ཉེན་ཁ་ཇེ་ཆེར་ཕྱིན་པ། རྒྱ་ནག་མི་མང་ཕན་ཚུན་བར་ལ་ཡིད་ཆེས་མེད་པར་དོགས་སོན་ཇེ་ཆེར་འགྲོ་རྒྱུའི་བློ་འཚབ་བྱེད་བཞིན་འདུག

འདས་པའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་རྒྱ་རིགས་དང་ཕྱི་རྒྱལ་བ་མང་པོར་གསང་ཉུལ་བ་རེད་ཅེས་པའི་མིང་ཐོག་ནས་འཛིན་བཟུང་བྱས་པ་དང་དེ་ཚོའི་ཁྲོད་དུ་སྤྱི་ཟླ་༣་པར་ཉི་ཧོང་གི་Astellas Pharma སྨན་རྫས་བཟོ་ལས་ཁང་གི་ལས་བྱེད་ཅིག་འཛིན་བཟུང་བྱས་པ་དེ་དང་། སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༩་བར་ཨོ་གླིང་གི་གསར་འགོད་པ་ཁྲིན་ལི་ཡིས་རྒྱལ་ཁབ་རིམ་པའི་གསང་བ་རྒྱལ་ཁབ་གཞན་ལ་སྤྲད་པ་ཞེས་འཛིན་བཟུང་བྱས་ཡོད་སོགས་ཚུད་ཡོད།

རྒྱ་ནག་གིས་གསར་ཉུལ་བར་རྒོལ་བའི་སྲིད་ཇུས་སྤེལ་བ་འདི་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ལྷག་པར་དུ་ཨ་མེ་རི་ཀས་རྒྱ་ནག་གཞུང་གིས་གསང་ཉུལ་བ་དང་དྲ་ལམ་ལྐོག་འཛུལ་བ་གཏོང་གི་ཡོད་པར་སྐྱོན་བརྗོད་བྱེད་བཞིན་པ་དང་། རྒྱ་ནག་གིས་དེར་ངོས་ལེན་བྱེད་ཀི་མེད་པ་དེ་དང་འབྲེལ་བ་ཡོད་པའི་རྣམ་པ་ཞིག་ཐོན་ཡོད།

ཡང་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་སྐད་འཕྲིན་རྒྱབ་ལྗོངས་སུ་རང་ཉིད་སོ་ཉུལ་བའི་གཡོ་ལོག་ལ་མི་ཚུད་པའི་ཆེད་དུ་རྒྱ་ནག་ལ་རྒྱ་ནག་མི་མང་གི་རོགས་རམ་དང་རྒྱབ་རྟེན། མཉམ་ལས་སོགས་དགོས་ཞེས་བརྗོད་འདུག

XS
SM
MD
LG