ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུར་བསྐྱར་ཞིབ་བྱ་དགོས་པར་གྱུར་སྐད།


རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུར་བསྐྱར་ཞིབ་
རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུར་བསྐྱར་ཞིབ་

༄༅།། ཉེ་ཆར་ཨི་རན་གྱིས་ཨི་སི་རལ་ལ་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་གྱིས་རྒོལ་རྡུང་བྱས་པ་བརྒྱ་ཆ་༩༩་ལྷག་བར་སྣང་དུ་གཏོར་ནས་བཟུང་། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་དམག་འཐབ་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་པར་གྱུར་ཡོད་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༢༡་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཨི་རན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་༣༠༠་ལྷག་འཕངས་ནས་ཨི་སི་རལ་ལ་རྒོལ་རྡུང་བྱས་ཀྱང་ཨ་རི་དང་དབྱིན་ཇི། འཇོར་ཌན་སོགས་ཀྱིས་འཕུར་གྲུ་དང་འཕུར་མདེལ་དེ་རྣམས་བར་སྣང་དུ་གཏོར་ནས་ཨི་སི་རལ་ལ་ཉེ་ཞོ་མ་བྱུང་། ཨི་སི་རལ་དང་ཨི་རན་གྱི་འཁྲུག་རྩོད་དེས་ཨ་རི་སོགས་ལ་ཡར་ཐོན་མཚོན་ཆ་ཅི་ཙམ་ཡོད་མེད་དང་རྒྱ་ནག་སོགས་ཀྱིས་གཞན་ལ་བཙན་འཛུལ་བྱས་ནས་རྒྱ་སྐྱེད་ཀྱི་ཧམ་སེམས་བཅངས་ཡོད་པར་བསྐྱར་དུ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་དཔྱད་བརྗོད་སྤེལ་འདུག

ཨ་རི་དང་ཐེ་ཝན་གྱི་ཚོང་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་པར་ཊི་ཧ་མོན་ཌ་ཆེམ་བྷེར་སི་ཡིས་དར་འཕྲིན་ཚགས་པར་གྱི་གསར་འགོད་པར་ཨི་སི་རལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨི་རན་གྱི་འཕུར་མདེལ་དང་འཕུར་གྲུ་རྣམས་བར་སྣང་དུ་གཏོར་བ་རེད། རྒྱ་ནག་གིས་རང་གི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་བར་སྣང་དུ་གཏོར་མི་ཐུབ་པ་ཞིག་ཇི་ལྟར་བཟོ་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་ཤས་ཆེ། ཨི་རན་གྱི་རྒོལ་རྡུང་དང་ཨི་སི་རལ་གྱི་འགོག་རྒོལ། ཨི་སི་རལ་ལ་རྒྱབ་སྐྱོར་གང་འདྲ་ཞིག་ཐོབ་པ་རྣམས་རྒྱ་ནག་གིས་ཞིབ་འཇུག་བྱ་དགོས་ངེས་སུ་གྱུར་འདུག ཨི་རན་གྱི་འཕུར་མདེལ་དང་འཕུར་གྲུ་རྣམས་བར་སྣང་དུ་འགོག་ཐུབ་ཡོད་པའི་གྲངས་འབོར་དེ་བརྒྱ་ཆ་ཧ་ཅང་མཐོན་པོ་རེད། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་དཔུང་འཇུག་བྱས་ན་ཨ་རི་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་བཙན་འཛུལ་དེ་འགོག་ཐུབ་པའི་ནུས་པ་ཡོད་པ་ངོ་འཕྲོད་པ་རེད་ཅེས་བཀྲལ།།

ཨ་རི་དང་ཐེ་ཝན་གྱི་ཚོང་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་པར་ཊི་ཧ་མོན་ཌ་ཆེམ་བྷེར་སི་
ཨ་རི་དང་ཐེ་ཝན་གྱི་ཚོང་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་པར་ཊི་ཧ་མོན་ཌ་ཆེམ་བྷེར་སི་

རྒྱ་ནག་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་རྒྱུ་བསྒྲུབ་མ་ཐུབ་ན་ཐེ་ཝན་ལ་དམག་བརྒྱབ་ནས་གཅིག་གྱུར་བྱ་རྒྱུ་ཡིན་ཟེར། ཐེ་ཝན་གྱིས་ཨི་སི་རལ་ལྟར་མཚོ་གླིང་དེར་རྒྱ་ནག་གི་བཙན་འཛུལ་བྱུང་ན་ཨ་མི་རི་ཀས་སྐྱོབ་རྒྱུའི་རེ་ལྟོས་བཅངས། གཟའ་མཇུག་དེར་ཨ་རིའི་གྲོས་ཚོགས་འོག་མས་ཐེ་ཝན་ལ་དམག་དོན་རོགས་དངུལ་ཨ་སྒོར་དུང་ཕྱུར་༨༠་སྤྲོད་རྒྱུའི་གྲོས་ཆོད་བཞག རུ་པར་ཊི་ཧ་མོན་ཌ་ཆེམ་བྷེར་སི་ཡིས་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨི་སི་རལ་བསྐྱབས་པ་ལྟར་ཐེ་ཝན་ལ་རྒྱབ་སྐྱོར་དེ་འདྲ་ཞིག་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཨ་རི་དང་དབྱིན་ཇི། འཇོར་ཌན་དང་ཨི་སི་རལ་རྣམས་མཉམ་འབྲེལ་གང་ལེགས་བྱས་ནས་ཨི་རན་གྱི་རྒོལ་རྡུང་དེ་ཕྱིར་ཟློག་ཐུབ་པ་རེད། ཨེ་ཤི་ཡའི་བྱང་ཕྱོགས་སུ་དེ་འདྲའི་མཉམ་འབྲེལ་ཡག་པོ་ཞིག་བྱེད་ཐུབ་པའི་གྲ་སྒྲིག་ཡོད་དམ། དེང་སྐབས་གྲ་སྒྲིག་ཅིག་བྱེད་ཀྱི་ཡོད་ཀྱང་གཅིག་གྱུར་གྱི་འཐབ་རྒོལ་དང་གཅིག་གྱུར་གྱི་བཀོད་འདོམས་ཤིག་ཡོང་ཐུབ་ཀྱི་མི་འདུག་ཅེས་བསྟན།།

ཨ་རིའི་མཚོ་དམག་གི་གསང་བའི་ལས་ཁུངས་ཀྱི་བཀོད་འདོམས་པ་ཟུར་པ་མེཀ་སི་ཊུ་ཌེ་མན་ནས་རྒྱ་ནག་གིས་ཐེ་ཝན་ལ་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཕྱོགས་གང་ཐད་དུ་དེང་རབས་ཅན་ལ་སྒྱུར་གྱི་ཡོད་པའི་རྣམ་པ་གསལ་པོར་མངོན། ཞིས་ཅིན་ཕིང་གིས་༢༠༣༥་ལོར་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་དུ་བསྒྱུར་ཚར་དགོས་ཞེས་དུས་བཀག་བྱས་པ་༢༠༢༧་ལ་སྔ་སྣུར་བྱས་འདུག དེ་ནི་ཐེ་ཝན་ལ་དམིགས་པ་ཞིག་རེད་ཅེས་དཔྱད་རྩོམ་སྤེལ། ༢༠༢༢་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་མཚོ་གླིང་དེར་འཚམས་འདྲིར་ཕེབས་པ་དང་༢༠༢༤་ལོ་འདིར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་སླར་ཡང་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ། རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ནི་ཛ་དྲག་ཅིག་ཏུ་གྱུར་ཏེ་དམག་འཁྲུག་གི་ཉེན་ཁ་ཆེ་རུ་སོང་། ༢༠༢༣་ལོར་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀར་ཕེབས་པའི་རྗེས་སུ་ཐེ་ཝན་གྱི་ཉེ་འཁོར་དུ་རྒྱ་ནག་གིས་འཕུར་མདེལ་ངོ་མ་འཕངས་ནས་དམག་སྦྱོང་ཚུགས།།

ཨ་རིའི་གྲོས་ཚོགས་འོག་མས་ཐེ་ཝན་ལ་དམག་དོན་རོགས་དངུལ་ཨ་སྒོར་དུང་ཕྱུར་༨༠་སྤྲོད་རྒྱུའི་གྲོས་ཆོད་བཞག
ཨ་རིའི་གྲོས་ཚོགས་འོག་མས་ཐེ་ཝན་ལ་དམག་དོན་རོགས་དངུལ་ཨ་སྒོར་དུང་ཕྱུར་༨༠་སྤྲོད་རྒྱུའི་གྲོས་ཆོད་བཞག

ཕྱི་ཟླ་༤་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་འོག་མས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༨༠་དམག་དོན་རོགས་དངུལ་སྤྲོད་རྒྱུའི་གྲོས་ཆོད་བཞག་པར་བཀའ་དྲིན་ཆེ། ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བྲག་རི་བཞིན་བརྟན་པོ་ཡིན་པ་གསལ་སྟོན་བྱུང་བ་རེད། ང་ཚོས་དམག་དོན་རོགས་དངུལ་དེ་རྣམས་དམིགས་སྒོ་གང་དུ་གཏོང་དགོས་མིན་ཐད་ཨ་མི་རི་ཀར་གྲོས་སྡུར་བྱས་ནས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་དང་ཞི་བདེ་བརྟན་ལྷིང་བསྐྲུན་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྒྲགས། ༢༠༢༢་ནས་ཐེ་ཝན་གཞུང་གིས་ཨ་མི་རི་ཀས་ཡུཀ་རེན་ལ་ཨུ་རུ་སུའི་བཙན་འཛུལ་བྱུང་བ་འགོག་ཐབས་ཁོ་ནར་དམིགས་པ་གཏད། ཐེ་ཝན་གྱིས་ཨ་མི་རི་ཀ་ནས་མངགས་ཉོ་བྱས་པའི་ཕྲག་འཕེན་འཕུར་མདེལ་རྣམས་མཁོ་སྤྲོད་བྱ་རྒྱུ་ནར་འགྱངས་གཏོང་གི་འདུག་ཅེས་འཁང་ར་བཤད།།

ཨ་རི་ནི་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་རྒྱབ་སྐྱོར་བ་བླ་ན་མེད་པ་དང་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་འཚོང་མཁན་དེ་ཡིན་ཞིང་། རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་དང་དཔལ་འབྱོར། ཚོང་ལས་བཅས་ཀྱི་གནོན་ཤུགས་སྤྲོད་པ་དང་དམག་གིས་སྡིགས་ར་བསྐུལ་རྒྱུ་ལོ་རེ་བཞིན་ཤུགས་ཆེ་རུ་བཏང་མོད། འོན་ཀྱང་དམངས་གཙོའི་ལམ་ལུགས་དར་ཡོད་པའི་ཐེ་ཝན་གཞུང་དམངས་ཟུང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུར་མ་འཐད། དེ་བཞིན་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ཡང་ཁས་མ་བླངས། གཟའ་ཉི་མའི་ཞོགས་པར་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་འདས་པའི་ཆུ་ཚོད་༢༤་ཡི་རིང་དེར་རྒྱ་ནག་གི་དམག་འཐབ་གནམ་གྲུ་༡༤་མཚོ་གླིང་དེའི་མཁའ་དབྱིངས་སྲུང་སྐྱོབ་ས་ཐིག་བརྒལ་ནས་འཕུར་ཡོད་པ་དང་། གཟའ་སྤེན་པའི་ཉིན་རྒྱ་ནག་གི་གནམ་གྲུ་ཁག་ཅིག་ཐེ་ཝན་གྱི་བྱང་ཕྱོགས་དང་ལྷོ་ཕྱོགས་སུ་རྒྱང་ཁད་སྤྱི་ལེ་༧༠་ལས་མེད་པའི་མཚམས་སུ་བསླེབས་བྱུང་ཞེས་གནས་ཚུལ་སྤེལ།།

ཉི་ཧོང་གི་སྲིད་བློན་ཀི་ཤཱི་དྷ་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་
ཉི་ཧོང་གི་སྲིད་བློན་ཀི་ཤཱི་དྷ་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་

ཁ་སྔོན་ཕྱི་ཟླ་༤་པའི་ཚེས་༡༡་ཉིན་སི་བྷི་ཨེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་སྲིད་བློན་ཀི་ཤཱི་དྷ་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་སུ་སྲིད་འཛིན་བྷ་ཌན་ལ་གནད་དོན་སྣང་མང་ཞིག་གི་ཐོག་ཏུ་གྲོས་མོལ་བྱས་ཡོད་པར་མ་ཟད། རྒྱ་ནག་གིས་བཙན་འཛུལ་བྱུང་ན་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཉི་ཧོང་གིས་ཀྱང་ཐེ་ཝན་གྱི་སྲུང་སྐྱོབ་ཐད་རྒྱལ་སྐྱོར་བྱ་དགོས་པའི་གྲོས་མོལ་བྱུང་བའི་སྐད་ཆ་ཞིག་གོ་རྒྱུ་ཡོད་ཅིང་། རྒྱ་ནག་གི་ཉེན་ཁར་གཞིགས་ནས་༢༠༢༤་ལོར་ཉི་ཧོང་གིས་དམག་སྦྱོང་དང་དམག་དོན་འཕྲུལ་རིག་མཁོ་སྒྲུབ་བྱེད་པར་ཨ་སྒོར་དུང་ཕྱུར་༥༦༠་མ་ཟིན་ཙམ་ཞིག་རྒྱལ་སྲུང་འགྲོ་གྲོན་གཏང་རྒྱུའི་ཐག་བཅད། ཉི་ཧོང་གིས་ཨ་མི་རི་ཀར་མཉམ་འབྲེལ་ཐོག་ཏུ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ལས་འགན་ཆེ་ཙམ་འཁུར་རྒྱུའི་གྲོས་མཐུན་བྱུང་། སྲིད་བློན་ཀི་ཤཱི་དྷས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བྱུང་མྱོང་མེད་པའི་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པ་འགོག་དགོས་ན་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་དགོས་ཞེས་རྒྱུ་མཚན་བགྲངས།།

ད་ལྟ་ཉི་ཧོང་གཞུང་གིས་ཐེ་ཝན་དང་རྒྱང་ཐག་དབྱིན་ལེ་༡༥༠་ལས་མེད་པའི་མཚམས་སུ་ཆགས་པའི་ཨི་ཤཱི་གྷ་ཀི་གླིང་ཕྲན་དུ་འཕུར་མདེལ་བཙུགས་ཏེ་དམག་མི་༦༠༠་ཡས་མས་ཤིག་བཀྲམ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རི་དང་ཉི་ཧོང་གིས་བར་འགོག་བྱེད་ཐུབ་པའི་དམག་ས་གནད་འགག་ཅན་ཞིག་བཟུང་། སེ་ཛུ་ཀོ་ཡ་མ་ཛ་ཏོ་ཞེས་པའི་གླིང་ཕྲན་དེའི་ཡུལ་མི་ཞིག་གིས་ང་ཚོས་བལྟས་ན་དམག་དཔུང་འགྲེམ་འཇོག་བྱེད་དགོས་དོན་མི་འདུག གླིང་ཕྲན་འདིར་དམག་དཔུང་བཞག་པ་ཙམ་གྱིས་འཁྲུག་རྩོད་སློང་ངེས་རེད། ང་ཚོར་བྱ་ཐབས་ཅི་ཡང་མི་འདུག་ཅེས་སྡུག་སྐད་བརྒྱབ། ཉི་ཧོང་གི་དམག་སྒར་དེའི་བཀོད་འདོམས་པས་ཡུལ་མི་ཚོར་ཁག་ཡོད་པ་མ་རེད། ཡིན་ནའང་རྒྱ་ནག་གིས་རང་བསམ་གྱིས་ས་ཆའི་བདག་དབང་རྩོད་ཀྱི་ཡོད་པ་དང་བྱང་ཀོ་རི་ཡས་འཕུར་མདེལ་ཚོད་ལྟ་བྱེད་ཀྱི་ཡོད་པ་མཚམས་མི་ཆད། ད་དུང་བར་སྣང་དུ་དམག་དོན་འཁོར་སྐར་གཏོང་གི་ཡོད་པ་རེད་ཅེས་གླིང་ཕྲན་དེར་དམག་སྒར་ཚུགས་དགོས་པའི་རྒྱུ་མཚན་བཤད་འདུག

གླེང་སྟེགས།

XS
SM
MD
LG